R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༣༩༤
[A:༣༩༤]གསུམ་གྱི་སྡེ་སྣོད་གསུམ་སྤྱི་དང༌། སོ་སོའི་ཁྱད་པར་སྟོན་པའི་གཞུང་མན་ངག་ཕལ་མོ་ཆེ་གསན་ཅིང་ཐུགས་སུ་ཆུད་དེ། རྗེ་བཙུན་བསོད་རྩེ་ཆུ་བོ་གངྒཱ་ཚུན་ཆད་ན་གསན་རྒྱ་ཆེ་བས་བོད་དུ་འགྱུར་རོ་ཅོག་ལ་མ་གསན་པ་ཙམ་མེད་པར་བྱེད་ལ། དེ་ཙམ་ཅིག་ངས་ཀྱང་བྱ་བསམས་པའི་གོ་ཆ་གྱོན་པ་ཡིན་ཏེ། ཧོར་གྱིས་གཙེས་པས་ཅུང་མ་གྲུབ། གཞན་རྣམས་ཀྱང་བསྟན་པ་ལ་བསམ་ལ་དེ་བཞིན་གོ་ཆ་བསྐྱེད་དགོས་གསུངས་སོ། །གཉིས་པ་སྤངས་རྟོགས་ཀྱི་ཡོན་ཏན་བསླབ་པ་གསུམ་ཇི་ལྟར་མངའ་ན། སོ་ཐར་བྱང་སེམས་རིག་པ་འཛིན་པའི་བསླབ་བྱ་སྲུང་སྡོམ་རྣམས་མིག་གི་འབྲས་བུ་ལྟར་གཅེས་པར་བསྲུངས་ཤིང༌། བསྟན་པ་སྤྱིའི་དམིགས་རྐྱེན་སོ་སོར་ཐར་པའི་སྤྱོད་པ་གཙོ་ཆེ་བ་ལ་དགོངས་ནས་ཤ་ཆང་ཕྱི་དྲོའི་ཁ་ཟས་ཐ་ན་གོས་ཕུ་དུང་མ་གྱོན་པ་ལ་སོགས་པ་འདུལ་བ་དང་འགལ་བ་ཕྲ་མོ་ཙམ་ཡང་སྤངས་ཏེ། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་འདུལ་བ་ནས་ཇི་ལྟར་གསུངས་པ་བཞིན་ཕྱག་ལེན་ཐེབས་པར་མཛད་པས་རབ་ཏུ་བྱུང་བ་རྣམས་ལ་འདུལ་འཛིན་རབ་ཅིག་གི་དམིགས་རྐྱེན་བསྟན་པ་ལ་ཁུར་བསྣམས་པ་ཡིན་ནོ། །བྱང་སེམས་ཀྱི་བདག་གཞན་མཉམ་པ་དང་བརྗེ་བའི་བྱང་ཆུབ་ཀྱི་སེམས་མངའ་བ་ནི་རང་གཞན་ཐམས་ཅད་བདེ་བར་འདོད། སྡུག་བསྔལ་བར་མི་འདོད་པ་སྙམ་པས། དགྲ་གཉེན་ཐ་མལ་པ་སུ་ཡིན་ཡང་བརྙས་པ་དང་ཁྱད་དུ་གསོད་པ་ལ་སོགས་པ་གཞན་ལ་གནོད་པ་དང༌། རང་ཕྱོགས་བཟུང་སྟེ་གཞན་ཕྱོགས་སུན་འབྱིན་པའི་ཐུགས་མི་མངའ་སྟེ། ཐ་ན་དྲུང་གི་གཟིམས་ཁང་བྱང་ཆུབ་རྫོང་ཞེས་བྱ་བའི་དགེ་རུ་འབྲོག་སྡེ་ཅིག་ལ་སྟོད་བྱང་གི་ས་ཆ་ལ་གཉེན་ཚན་འདྲའི་སྟོབས་ཀྱིས་བྲོས་པས མ་གཅིག་ལ་སོགས་པ་རིན་ཆེན་སྒང་གི་ཉེ་གནས་རྣམས་ན་རེ། དེ་པ་རྩད་བཅད་ནས་འགུགས་པ་ཡིན་ཟེར་བ་ལ་ཁོང་པར་རང་བྱང་ངོས་དགའ་བ་ཡིན་ཡང་གང་བདེ་ལ་བཏང་དགོས་གསུངས་ནས། གཞན་མི་དགའ་བ་དང་མི་འདོད་པ་རྣམས་ཐམས་ཅད་དུ་སྤོང་ཞིང༌། རང་རང་སོ་སོ་ཇི་ལྟར་