R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༤༩བ
[A:༤༩བ]ཏེ་ཡི་གེའི་ཡན་ལག་ལྔ་དང་། གཟའ་དང་། ཚེས་དང་། སྐར་མ་དང་། སྦྱོར་བ་དང་། བྱེད་པ་སྟེ་རྩིས་ཀྱི་ཡན་ལག་ལྔ་དང་། གཟའ་ལྔ་སོ་སོའི་མྱུར་བ་དང་། བུལ་བ་དང་། དྲང་པོ་དང་། འཁྱོག་པོའི་རྐང་པ་བཙལ་བ་དང་། ཁྱིམ་དང་། ལོངས་སྤྱོད་དང་། དེ་དག་གི་དགེ་ལེགས་ཀྱི་རྩིས་དང་། སྒྲ་གཅན་གྱི་གདོང་དང་། དུས་ཀྱི་མེ་དང་། དེ་དག་གིས་ཉི་ཟླ་འཛིན་པ་དང་། དུ་བ་མཇུག་རིང་འཆར་བ་དང་། ནུབ་པ་ལ་སོགས་པའི་ཕྱིའི་རྩིས་མཐའ་དག་དང་། ནང་གི་རྩ་རླུང་དང་། ཉི་མ་དང་། ཟླ་བ་དང་། གཟའ་དང་། སྒྱུ་སྐར་དང་། དུས་སྦྱོར་དང་། དབུགས་དང་། ཆུ་སྲང་དང་། དབྱུག་གུ་དང་། འཕོ་བ་དང་། ཆུ་ཚོད་དང་། ཐུན་ཚོད་དང་། ཉིན་མཚན་དང་། ཉི་ཟླ་གཟའ་འཛིན་དང་། དེ་དག་ལ་བརྟེན་ནས་ཡེ་ཤེས་འཆར་བ་དང་། ནུབ་པ་དང་། མངོན་པར་རྫོགས་པ་འཚང་རྒྱ་བའི་རྩིས་མཐའ་དག་ལེགས་པར་མཁྱེན་པ་ཡིན་ནོ། །དེང་སང་བོད་ཀྱི་དགེ་བའི་བཤེས་གཉེན་འགྲན་ཟླ་མེད་པར་གྲགས་པ་འགའ་ཞིག་རང་གི་སློབ་མས་བཟོ་རིག་པ་ལ་མཁས་པའི་སྒྲུབ་བྱེད་དུ་གཞལ་ཡས་ཁང་དང་། སྐུ་གཟུགས་ཀྱི་ཆག་ཚད་ཤེས་པ་ཙམ་བཀོད་ནས། དེ་ཉིད་ཀྱི་ལག་ཏུ་བླང་བའི་རིམ་པ་ལ་གོས་ཀྱི་ཚེམ་བུ་སྣལ་མ་མི་ཤེས་ཀྱང་། རིག་པའི་གནས་ལྔ་ལ་མཁས་པར་བྱས་པ་ལྟ་བུ་ནི་མ་ཡིན་གྱི། བདག་ཉིད་ཆེན་པོ་འདིས་ནི་ལག་ཏུ་བླང་བའི་རིམ་པ་རྣམས་ཀྱང་ལེགས་པར་མཁྱེན་ནས། བླ་མ་རྗེ་བཙུན་ཆེན་པོས་ནང་རྟེན་དབུ་རྩེ་རྙིང་མ་ན་བཞུགས་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གཟུགས་ཀྱི་རུ་ཤིང་དང་སྤྲ་བཟོ་ལ་སོགས་པ་ཆོས་ཀྱི་རྗེ་ཉིད་ཀྱིས་མཛད་པ་འདི་ནི