R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༤༩ན
[A:༤༩ན]དང་། ནོར་རྒྱས་ལ་སོགས་པ་ལྟ་བུ་ཡིན་ནོ། །གཏན་ཚིགས་རིག་པ་ལ་མཁས་པའི་ཚུལ་ནི། དེའི་བསྟན་བཅོས་རིགས་པའི་གཞུང་ལུགས་ཀྱི་གཙོ་བོ་ཚད་མའི་མདོ་ཀུན་ལས་བཏུས་པ་དང་། དེའི་ཚིག་གི་དོན་གཏན་ལ་འབེབས་པའི་རབ་ཏུ་བྱེད་པ་སྡེ་བདུན་ཡན་ལག་དང་བཅས་པ་ཕྱིན་ཅི་མ་ལོག་པར་མཁྱེན་པས་རང་གཞན་སྡེ་པའི་རྒོལ་བས་གླང་པོ་སྐྱེས་སྟོབས་ཤེས་རབ་ཀྱི་ལུས་རགས་ཤིང་ང་རྒྱལ་གྱི་སྟོབས་རྒྱས་པ། ལུང་དང་རིག་པ་ལྟར་སྣང་གི་མཆེ་བ་རྣོན་པོས་བླུན་པོ་གྲུབ་པའི་མཐའ་རྣམ་པར་དཔྱོད་མི་ཤེས་པའི་དཔུང་གི་ཚོགས་ཟིལ་གྱིས་གནོན་པར་ནུས་པ་དག་ཀྱང་། ཕྱིན་ཅི་མ་ལོག་པའི་མཁྱེན་པའི་ལུས་སྟོབས་ཡོངས་སུ་རྫོགས་ཤིང་། བདེ་བར་གཤེགས་པའི་གསུང་རབ་རལ་པའི་ཁུར་གྱིས་རབ་ཏུ་ལྗིད་ལ། རང་ལུགས་བསྒྲུབ་པ་དང་། གཞན་ལུགས་སུན་འབྱིན་པའི་མཆེ་སྡེར་རྣོན་པོས་གྲུབ་མཐའ་ངན་པའི་ཀླད་ཁྲག་མ་ལུས་པ་རྩ་བ་ནས་འདོན་ཞིང་། བདག་མེད་པ་དང་སྟོང་པ་ཉིད་ཀྱི་སྒྲ་ཆེན་པོ་ཀུན་ཏུ་སྒྲོགས་པ་ལ་རྣམ་པ་ཀུན་ཏུ་བག་ཚ་བ་མེད་པ། རིག་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པ་དང་། འཕགས་པ་ཀླུ་སྒྲུབ་ལ་སོགས་པ་ལྟ་བུ་ཡིན་ནོ། །བཟོ་རིག་པ་ལ་མཁྱེན་པ་རྒྱས་པའི་ཚུལ་ནི། རི་མོ་དང་། སྐུ་གཟུགས་ཀྱི་མཚན་ཉིད་དང་། ཆག་ཚད་དང་། དེ་དག་གི་དགེ་ལེགས་ལ་སོགས་པའི་བརྟག་པ་དང་། ས་བརྟག་པ་ལ་སོགས་པའི་བརྟག་པ་རྣམ་པ་བརྒྱད་དང་། རྩིས་ཀྱང་བཟོ་རིག་པའི་ཁོངས་སུ་མཁས་པ་རྣམས་ཀྱིས་གསུངས་པས། དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཨཾ་ཀ་དང་། དབྲི་བསྣན་དང་།འགོད་བསྒྱུར་