R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༨ན
[A:༣༨ན]འཐུངས་པ་རྨི་བ་ཅིག་བྱུང་། འདི་བདུད་ལས་ཡིན་བསམས་ནས་མ་འཐུངས། ད་དེ་ཙམ་འདོད་པ་མི་འདུག་ནས་བསྟེན་གསུངས། དེ་མིན་ཐ་མལ་དུ་ཤ་ཆང་ཞལ་ལ་མི་རེག་སྐད་དོ། །དགུང་ལོ་བཅུ་པ་ལ་སྡོམ་པ་ཉི་ཤུ་པ་དང་། སྒྲུབ་ཐབས་མཚོ་སྐྱེས་གསན་ནས་བཅུ་གཅིག་པ་ལ་གསུངས་པས་ཐམས་ཅད་ངོ་མཚར་སྐྱེས་ཏེ་བློ་གྲོས་ཆེན་པོ་ཞེས་བཏགས་སོ། །བཅུ་གཉིས་པ་ལ་དགེས་རྡོར་རྒྱུད་གསུམ་གྱི་པོ་ཏི་གསོལ་བའི་མནལ་ལམ་བྱུང་བ་དང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་དོ། །དེའི་ཚེ་ས་ཆེན་གཤེགས་ནས་ཆོས་འཁོར་ཆེན་པོ་མཛད་དེ། །རང་གི་སློབ་མ་ལ་བརྟག་གཉིས་གསུངས་པས་ངོ་མཚར་བར་གྱུར་ཏོ། །བཅུ་གསུམ་པ་ལ་གཅེན་དབུས་སུ་གཤེགས་པ་ནས་བཟུང་སྟེ་དགུང་ལོ་བདུན་ཅུ་བཞེས་པའི་བར་ལ་སྔགས་ཀྱི་བཤད་པ་མཛད་ཅིང་། གསུང་ངག་ཀྱང་བླ་མས་བཀའ་རྒྱ་ལོ་དགུར་མཛད་པ་ལས་བཅུ་གསུམ་གྱི་བར་མ་གསུངས་ཤིང་། དེའི་བར་ལ་སློབ་དཔོན་རིན་པོ་ཆེ། གཉན་གཙུག་ཏོར་རྒྱལ་པོ། ཞང་ཚུལ་ཁྲིམས་གྲགས། སྙག་དབང་རྒྱལ། བལ་པོ་ཛ་ཡ་སེ་ན། ལོ་ཙཱ་བ་དར་མ་ཡོན་ཏན། སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེ་ལ་སོགས་པ་ལས། བླ་མེད་ལ་ཀྱེ་རྡོ་རྗེ་རྩ་བ་དང་བཤད་རྒྱུད་མཐའ་དག་འགྲེལ་པ་སྒྲུབ་ཐབས་དང་བཅས་པའི་བཤད་སྲོལ་མི་འདྲ་བ་དུ་མ་དང་། བདེ་མཆོག་རྩ་བ་དང་བཤད་རྒྱུད་ཡན་ལག་དང་བཅས་པ་མཐའ་དག་དང་། གསང་འདུས་འཕགས་སྐོར་རྒྱུད་གསུམ་འགྲེལ་པ་ཡན་ལག་དང་བཅས་པ་དང་། ཡེ་ཤེས་ཞབས་སྐོར་ལ། རྒྱུད་དང་ཛ་ཡན་ལ་སོགས་པའི་མན་ངག་དང་བཅས་པ་མཐའ་དག་