R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༧བ
[A:༣༧བ]ལ། །ཤེས་ནས་དད་པ་ཐོབ་པའི་རྗེས་འབྲང་བདག །གདུལ་བྱར་བཅས་པ་འབྲལ་མེད་བསྐྱབ་ཏུ་གསོལ། །ཞེས་པའི་གསོལ་འདེབས་ཀྱང་ཤུགས་འབྱུང་དུ་བགྱིས་པ་ལགས། གྲགས་པ་རྒྱལ་མཚན། དེའི་གཅུང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ནི། ཡབ་དགུང་ལོ་ང་དྲུག་བཞེས་པའི་དུས་མེ་མོ་ཡོས་བུའི་ལོ་སྨལ་པོ་ཟླ་བའི་ཚེས་བཅོ་བརྒྱད་ལ་འཁྲུངས་སོ། །འདིའི་རྣམ་པར་ཐར་པ་བརྗོད་ན། སྐྱེ་བ་བརྙེས་པའི་ཁྱད་པར། བསླབ་གསུམ་གྱི་ཡོན་ཏན་བརྙེས་ཚུལ། འཕྲིན་ལས་མཛད་ཚུལ། ལུང་བསྟན་དང་སྐྱེ་བ་དྲན་པའི་ཚུལ་བཞིས་རྟོགས་པར་བྱའོ། །དང་པོ་ནི། སྐྱེ་བ་བཞེས་པ་ན་ཀླུའི་རྒྱལ་པོའི་ཚུལ་དུ་ཡུམ་ལ་རྨི་ལམ་བསྟན་ནས་བཀྲ་ཤིས་པའི་ལྟས་དང་བཅས་ཏེ་སྐུ་བལྟམས་ཞིང་། སྨྲ་ཤེས་ནས་དབེན་པ་ལ་དགའ་ཞིང་བརྐམ་ཆགས་མེད་པའི་ཡོན་ཏན་སྒྲུབ་པ་ལ་བརྩོན་པ། བྱིས་པའི་སྤྱོད་པ་ལས་འདས་པ་ཞིག་ཏུ་གྱུར་ཏོ། །གཉིས་པ་ནི་དགུང་ལོ་བརྒྱད་ལོན་པ་ན་བྱང་སེམས་ཟླ་བ་རྒྱལ་མཚན་ལ་ཚངས་སྤྱོད་ཀྱི་དགེ་བསྙེན་ནོད་དེ། དེ་ཚུན་ཆད་འཕྲལ་རབ་ཏུ་བྱུང་བ་བས་བཙུན་ཞིང་། མཉེས་ཀྱང་རབ་ཏུ་བྱུང་བ་ལ་མཉེས། འཁོར་དགེ་སློང་ཀུན་ལ་གསོ་སྦྱོང་མ་ཆག་པར་མཛད་དེ། །ཇ་ནི་བདག་འདྲེན་གསུངས་ནས་ཁོང་རང་ཡང་ཕ་ཚད་ནས་གཟིགས། གཞན་ཡང་སྐྱེ་བ་སྔ་མའི་དགེ་སློང་གི་བག་ཆགས་ཀྱི་ཆ་ཆོས་གསོལ་ཙ་ན། ཐུགས་ཡང་བའི་དུས་སུ་ངའི་འདི་ལ་བྱིན་ལེན་མ་བྱས་སྙམ་པ་འབྱུང་། མཆོད་པའི་དུས་སུ་དམ་ཚིག་རྫས་ཙམ་ལས་ཡེ་མི་གསོལ་བ་ཅིག་དང་པོ་བྱུང་། ཇི་ཞིག་ཙ་ན་དུམ་རེ་གསོལ། དེ་བཞིན་མཛད་པ་ཅི་ལགས་བྱས་པས། ང་ལ་དང་པོ་ཆང་ལ་འདོད་འདུན་དྲག་པོ་རྨི་ལམ་ཚུན་ཆད་དུ་