R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༢བ
[A:༣༢བ]མཚུངས་དྭང་བའི་ཆུ་ཀླུང་དལ་བུས་གཡས་སུ་གཞོལ་བ་ནི། །ངར་ངུར་མྱོས་པའི་ཟློས་གར་བསྒྱུར་བ་གསེར་མདོག་གློག་གི་རོལ་རྩེད་དང་འགྲོགས་འཁྱུག་འགྲོ་མྱོས་པ་གྱ་གྱུར་འགྱུ་བ་བདེ་ཆེན་རྒྱ་མཚོར་འཇུག་པ་བཞིན། །ཡང་ན་རླབས་ཕྲེང་འཛིན་ཁྲི་གཞོན་ནུའི་སྣ་ལག་ལྟར་མཛེས་ལྦུ་བ་དང་བཅས་ཆུ་ཤེལ་ཕྲེང་བའི་དོ་ཤལ་གྱིས་མཛེས་ཛཱ་ཧུའི་བུ་མོ་སྒེག་མོ་ནི། །ཁྲོལ་ཁྲོལ་རྒྱན་གྱིས་སིལ་སྒྲ་འབྱིན་ཅིང་ལྷུང་ལྷུང་སྙན་པའི་གླུ་དབྱངས་དང་བཅས་བདེ་ཆེན་དེང་གནས་དཀའ་ཐུབ་ཅན་ལ་གུས་པས་མཆོད་ཡོད་འབུལ་ལགས་དྲང་། །འཇམ་དབྱངས་གྲུབ་པའི་ཆུ་རྒྱུན་འདི་ནི་ཆུ་རྒྱུན་མ་ལགས་ཀུན་དགའ་སྙིང་པོའི་སྙིང་རྗེའི་རྒྱུན། །འཐུང་ན་གྲུབ་པའི་དངུལ་ཆུ་ཇི་བཞིན་ལང་ཚོའི་དཔལ་ཡོན་ཅི་ཡང་སྟེར། །མཐོང་ན་ཡིད་ཀྱི་པདྨོའི་ཁ་འབྱེད་ཉིན་བྱེད་གཞོན་ནུ་ཤར་བ་སྙམ། །ཁྲུས་བྱས་མ་རིག་ཚང་ཚིང་སྲེག་ནུས་འོན་ཀྱང་འཆི་མེད་བདུད་རྩིའི་རྒྱུན། །བདེ་ཆེན་རྒྱ་མཚོའི་ཁྱོན་དེས་རྒྱ་མཚོའི་གོས་ཅན་ནི། །གདེངས་ཀའི་གཙུག་ན་བསམ་འཕེལ་རིན་ཆེན་གྱིས་མཛེས་པའི། །རིན་ཆེན་གཏེར་འཛིན་གཏེར་བདག་ཀླུ་ཡི་དབང་པོ་སྟེ། །འདོད་དགུའི་དཔལ་ཡོན་དཔལ་དང་ཕུན་ཚོགས་བསྒྲུབ་པ་ལགས། །སྲིད་ཞིའི་ཕུན་ཚོགས་རྒྱ་ཆེན་འབྱུང་བ་འདིར། །འཇམ་དབྱངས་འཇམ་དཔལ་འཇམ་པའི་རྡོ་རྗེ་ནི། །རིམ་བདུན་རིམ་བཞིན་རིམ་པར་བྱོན་ནས་ཀྱང་། །རྒྱལ་བའི་རྒྱལ་ཚབ་རྒྱལ་བ་ཇི་བཞིན་དུ། །བསྟན་དང་བསྟན་འཛིན་བསྟན་པའི་མངའ་བདག་མཛད། །འགྲོ་དོན་འགྲོ་རྣམས་འགྲོ་བའི་གནས་ཉིད་ལགས། །ཐར་འདོད་ཐར་ལམ་བསྟན་ནས་ཐར་པའི་གནས། །བདེ་ཆེན་བདེ་བླག་བདེ་བར་སྟེར་ཞེས་གསུངས། །