R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༢ན
[A:༣༢ན]འཇའ་འོད་འཁྱིལ་པའི་རི་མོ་གང་ཞིག་རིན་ཆེན་རྒྱན་ཆས་སྤྲས་པ་ལགས། །དེ་སླད་གཡོ་མེད་བརྗིད་པ་འདི་ནི་བློན་པོའི་དབང་པོས་བཏུད་ལགས་དྲང་། །གང་ཞིག་དབང་པོའི་གཡོ་མེད་མཆོག་དང་ཁའུའི་ས་འཛིན་རྒྱལ་པོ་ནི། །ཉིན་བྱེད་གཞོན་ནུ་ཤར་རིའི་རྩེ་ལས་ཡང་ཡང་སོན་ཅིང་བལྟས་པ་ན། །ཟབ་ཡངས་ཆོས་སྒྲ་རྒྱ་ཆེན་སྒྲོགས་ལ་བདེ་ཆེན་འདིར་གནས་མཁས་མང་རྣམས། །མཆོག་ཏུ་མཐོང་ཞེས་སྙན་པའི་འོད་བཟང་སུམ་རྩེན་མཐར་སོན་བསྒྲགས་པའི་ཚེ། །མཆོད་སྦྱིན་བརྒྱ་པ་ངོ་མཚར་གྱུར་ཏེ་མིག་སྟོང་སྤྲུལ་ཞིང་བལྟས་པ་ལས། །དད་པའི་སྤུ་ལོང་ཆེས་ཆེར་གཡོས་པས་རང་གི་ལོངས་སྤྱོད་མཆོག་གྱུར་པ། །སྤྲིན་ཤུགས་རྟ་མཆོག་ལྷ་ཡི་གོས་སོགས་དཔག་ཡས་རྒྱན་གྱིས་བརྒྱན་པ་དང་། །རིན་ཆེན་སྣ་ཚོགས་སྤེལ་ལེགས་ཕྲེང་བའི་དྲ་བས་མཛེས་ཤིང་ཡིད་འཕྲོག་པའི། །ས་སྲུང་དབང་པོའི་སྣ་ལག་མཛེས་པར་འཆི་མེད་བདུད་རྩིའི་རྫིང་བུ་ལ། །ཆུ་སྐྱེས་དྲི་བཟང་སིམ་པ་ཅི་ཡང་སྟེར་བྱེད་སྙིང་པོར་ནི། །སྐབས་གསུམ་གཞོན་ནུ་རྣམ་པར་སྒེག་ཅིང་སྙན་པའི་གླུ་དབྱངས་སྒྲོག་པ་སོགས། །མཆོད་སྤྲིན་རྒྱ་མཚོ་ཀུན་ནས་བཀོད་ལེགས་རྣམ་སྤྲུལ་མཐའ་ཡས་སྤྲུལ་པ་ནི། །ཆུ་གོས་འཐུར་གྱི་སྦྲེལ་ལེགས་ཟུང་དེ་མཁས་མང་རྣམས་ལ་འབུལ་བ་བཞིན། །བྲག་རི་རིན་ཆེན་བྱེ་རུའི་རང་བཞིན་དམར་བ་འདི། །པདྨ་རཱ་གའི་ཡ་ལད་བགོས་པའི་དམག་དཔོན་ཞིག །ཕས་རྒོལ་དཔུང་ཚོགས་གཞོམ་ལ་བརྩོན་ཕྱིར་བགྲོད་པ་དང་། མཚུངས་པར་འགྱུར་གྱི་གཞན་ནི་འགའ་དང་མ་ལགས་སོ། །གང་ཞིག་ཚ་ཟེར་འོད་ཀྱི་རེག་པས་ལྷུན་པོའི་གོས་མཆོག་དབང་སྔོན་བཞུ་བའི་ཁུ་བ་དང་