R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༨ན
[A:༣༡༨ན]བགྲོད་པར། །སྙིང་ཐག་པའི་གསོལ་འདེབས་སྨོན་ལམ་བགྱིས། །ཡང་ཉམས་ལེན་སྙིང་པོའི་བྱེད་ལུགས་ནི། །རང་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །རྗེ་བླ་མ་ཁོ་ན་མཁྱེན་སྙམ་པའི། །ཡིད་ཁ་ཞེ་མེད་པའི་གསོལ་འདེབས་བྱས། །སྔར་ཡན་ཀྱང་འདི་བཞིན་སྤྱད་པས་ལེགས། །དུས་ད་དུང་འདི་ཀས་དོན་ཀུན་འགྲུབ། །གཞན་ཟབ་ཟབ་ཆོས་ཀྱི་ཆེ་བ་ཡིན། །བུ་དད་ལྡན་རྣམས་ཀྱིས་དགོངས་པར་མཛོད། །ཅེས་ཀྱང་སྨྲས་པ་ལགས་སོ། །དེ་རྣམས་ཀྱིས་ལྷ་རིགས་འཁོན་ས་སྐྱ་པ་སྟེ་མཚན་མཆོག་གསུམ་དང་ལྡན་པའི་གདུང་རབས་བྱོན་ཚུལ་ལས། གདན་ས་ཆེན་པོའི་བླ་བྲང་སོ་སོར་དབང་བསྒྱུར་བའི་གདུང་རབས་ཀྱི་ནང་ནས་དུས་མཆོད་བླ་བྲང་པའི་གདུང་རབས་རིན་པོ་ཆེ་སྔར་བྱོན་པ་དང་། མ་འོངས་པ་ན་འབྱོན་པར་འགྱུར་བའི་ཚུལ་ལེགས་པར་བསྟན་ཟིན་ཏོ།། །།འདིར་སྨྲས་པ། དུས་གསུམ་སྒྲིབ་མེད་གཟིགས་པའི་རྒྱལ་བ་རྣམས། །དུས་མཐར་བསྟན་འཛིན་མཆོག་གི་སྐུར་བསྟན་ནས། །དུས་གསུམ་འགྲོ་བ་སྲིད་ལས་སྒྲོལ་མཛད་པའི། །དུས་མཆོད་བླ་བྲང་གདུང་བརྒྱུད་འདི་ངོ་མཚར། །ཁྱད་པར་གནས་ལྔ་རིག་པ་ཆོས་ཀྱི་རྗེ། །བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་ཉིད། །སླར་ཡང་སྐད་གཉིས་སྨྲ་བའི་ཚུལ་འཛིན་པའི། །ས་སྐྱ་ལོ་ཙཱར་གྲགས་དེར་སྙིང་ནས་དད། །དེ་ལྟར་བསྟན་པའི་བདག་པོ་ས་སྐྱ་པའི། །ངོ་མཚར་འཕྲིན་ལས་རྣམ་བཞིའི་དགེ་མཚན་གྱིས། །སྔོན་དུས་རྒྱ་མཚོའི་གོས་ཅན་མ་ལུས་པ། །ཁྱབ་ཅེས་ལྗོངས་འདིར་ཀུན་ཀྱང་གཏམ་ཏུ་གླེང་། །འོན་ཀྱང་བར་སྐབས་ཤིག་ཏུ་བདུད་སྤྲུལ་འགས། །བསམ་སྦྱོར་ངན་པས་བྱེད་འཕྲིན་སྣ་