R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༨བ
[A:༣༡༨བ]ཚོགས་ཀྱིས། །བསྟན་དང་བསྟན་འཛིན་དགོན་གནས་ལ་སོགས་པ། །ཀུན་ཀྱང་མཚན་གྱི་ལྷག་མར་ཉེ་བར་བྱས། །དེ་ཚེ་སྔགས་འཆང་བླ་མ་ཆོས་ཀྱི་རྗེ། །བསམས་བཞིན་སྐྱེ་བ་བཞེས་པའི་སྤྲུལ་པའི་སྐུ། །ངག་དབང་ཀུན་དགའ་རིན་ཆེན་ཞེས་གྲགས་པའི། །ངོ་མཚར་རྣམ་ཐར་བསམ་ཡས་དེ་བྱོན་ནས། །གང་ལ་གང་འདུལ་འཕྲིན་ལས་སྣ་ཚོགས་ཀྱིས། །སྣང་སྲིད་ལྷ་མི་ཐམས་ཅད་དབང་བསྡུས་ནས། །བསྟན་དང་བསྟན་འཛིན་དགོན་གནས་གཙུག་ལག་ཁང་། །དགེ་འདུན་འདུ་བའི་མདོ་སྔགས་བཤད་གྲྭ་སོགས། །ཉམས་པ་གསོས་ཤིང་གསར་དུ་བཙུགས་པ་དང་། །ཁྱད་པར་རིགས་ཀྱི་རྒྱལ་ཚབ་ས་སྐྱ་པའི། །བསྟན་པའི་རྩ་བ་གདུང་རིགས་བསྐྲུན་པ་སོགས། །ཅི་མཛད་བསྟན་འགྲོའི་དོན་ལ་གཅིག་གཞོལ་བས། །རྒྱལ་བའི་བསྟན་དང་འགྲོ་ལ་བདེ་སྐྱིད་གཉིས། །ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་མཛད། །དེ་ལྟའི་བསྟན་པའི་རྒྱུན་བཟང་སྐྱོང་བ་ལ། །ཀུན་གྱི་འགྲན་བྲལ་ཐུབ་མཆོག་དང་པོ་དང་། །ཁྱད་པར་འཛམ་གླིང་མཛེས་པའི་རྒྱན་གཅིག་པོ། །སྔགས་འཆང་རྒྱལ་བའི་རྒྱལ་ཚབ་གྲགས་པའི་མཚན། །གང་གི་མཛད་སྤྱོད་ཕྱག་བཞེས་དྲན་པའི་ཚེ། །མིག་ནས་མཆི་མ་འཁྲུག་ཅིང་གསོལ་འདེབས་ཀྱི། །ཀུན་གྱིས་མི་མངོན་ཆོས་དབྱིངས་ཟབ་མོ་ནས། །མཁྱེན་བརྩེ་ནུས་ལྡན་སྔགས་འཆང་ཡབ་སྲས་གསུམ། །བདག་ལ་འདུ་འབྲལ་མེད་པ་ཐུགས་རྗེས་སྐྱོབས། །ས་སྐྱའི་བསྟན་དང་དགོན་གནས་གཙུག་ལག་ཁང་། །རབ་ཏུ་རྒྱས་ཤིང་དེ་རྒྱུན་བསྐལ་པའི་བར། །རིགས་བརྒྱུད་རྒྱུན་མི་ཆད་པས་སྐྱོང་བ་དང་། །བདག་ཅག་དཔོན་སློབ་དོན་ཀུན་ལྷུན་གྲུབ་ཤོག །བར་སྐབས་ཀྱི་ཚིགས་