R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༠བ
[A:༢༩༠བ]གཤེགས་ཤིང་། ཆུང་བ་ངག་དབང་བསོད་ནམས་ཆོས་ཀྱི་དཔལ་འཛོམ་བྱ་བ་དགེ་བསྙེན་མ་ཞིག་སྟེ་གཞོན་ནུ་ལ་དགེ་སྡིངས་སུ་གཤེགས་སོ། །ཡང་སྔགས་འཆང་བསྟན་པའི་ཉི་མ་ཀུན་དགའི་མཚན་ཅན་གྱི་བཙུན་མོ་སླར་ཡང་གདོང་དགའ་མ་བཀྲ་ཤིས་དཔལ་གྱི་བུ་ཁྲིད་ཅེས་བྱ་བ་ཁབ་ཏུ་བཞེས་པ་ལ་སྲས་གཅིག་འཁྲུངས་པ་ནི། བདག་ལ་བཀའ་དྲིན་ཆེ་བའི་བླ་མ་གསུམ་གྱི་ནང་ཚན། །སྔོན་གྱི་དུས་སུ་བྱང་ཆུབ་སེམས་དཔའ་མཁན་པོ་བོ་དྷི་ས་ཏྭ་ཉིད་འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པར་སྐུའི་སྐྱེ་བ་བཞེས་པ་དེ་ཉིད། སླར་ཡང་ས་སྐྱ་པའི་གདུང་རིགས་སུ་བསམས་བཞིན་དུ་བྱོན་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་དེ། བདག་ཉིད་ཆེན་པོ་འདི་ནི་ཡབ་སྔགས་འཆང་བླ་མ་བསྟན་པའི་གསལ་བྱེད་ཆེན་པོ་དེ་ནི་དགུང་ལོ་བཞི་བཅུ་རྩ་བདུན་དུ་ཕེབས་པ་ཆུ་མོ་ཕག་གི་ལོ་སྨལ་པོ་ཟླ་བའི་གནམ་གང་གི་ཉིན་གདན་ས་ཆེན་པོའི་ནུབ་ཕྱོགས་གདོང་དགའ་རྫོང་གི་ཡང་རྩེར་ངོ་མཚར་བའི་ལྟས་དུ་མ་དང་བཅས་བལྟམས་པ་ཡིན་ཏེ། འདི་ཉིད་ལྷུམས་སུ་ཞུགས་པའི་དུས་སུ་ཡང་ཡུམ་ལ་མཚན་ལྟས་ཁྱད་པར་ཅན་དུ་མ་བྱུང་ཞིང་། བལྟམས་པའི་ཚེ་ཡང་མངལ་གྱི་དྲི་མས་མ་གོས་པ་མཚོན་པའི་ཕྱིར། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལྟར་གྲོད་གཏུམ་གྱི་ཚུལ་དུ་ལེགས་པར་འཁྲུངས་ཤིང་། འཁྲུངས་མ་ཐག་ནས་བྱིས་པའི་སྤྱོད་པ་ལས་འདས་པ་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ཞིག་ཡིན་ནོ་ཞེས་ཐོས་ལ། དེ་ནས་ཡོན་ཏན་གྱི་ཕྱི་མོ་འདྲི་ཀློག་ལ་སོགས་པ་རྣམས་ནི་