R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༠ན
[A:༢༩༠ན]རློབས། །གང་གསུང་ལུགས་གཉིས་བླང་དོར་ཇི་སྙེད་པ། །མ་འདྲེས་གསལ་ལ་རྫོགས་པར་སྟོན་མཁས་པའི། །ཟིལ་ལྡན་ཚངས་པའི་དབྱངས་ལྟར་ཡིད་འཕྲོག་པ། །རྣ་བའི་བདུད་རྩི་དེ་ཡང་དྲན་པའི་ཡུལ། །ཁྱོད་ཐུགས་ཟབ་གསལ་ཏིང་འཛིན་སྒོ་བརྒྱ་ལ། །མཉམ་པར་འཇོག་ལ་སྐད་ཅིག་གཡོ་མེད་པའི། །དེ་ལྟའི་ངང་ནས་སོ་སོའི་སྐལ་བ་དང་། །འཚམས་པར་གདུལ་བྱ་སྐྱོང་མཛད་ཁྱོད་ཐུགས་དྲན། །འོན་ཀྱང་ཐུན་མོང་སྣང་བའི་གཟུགས་ཀྱི་སྐུ། །ཆོས་ཀྱི་དབྱིངས་སུ་བསྡུས་ཀྱང་ལས་དག་པའི། །གདུལ་བྱ་རྣམས་ལ་འབྲལ་མེད་སྐྱོང་མཛད་པ། །འདི་ལ་ཁོ་བོ་ངེས་ཤེས་རྙེད་པའི་ཕྱིར། །བདག་གིས་བྱང་ཆུབ་བར་གྱི་སྐྱབས་དེར་འདུད། །དེ་ལྟར་གྲུབ་མཆོག་དབང་པོའི་མཚན་ཅན་ཉིད། །དྲན་པའི་ཡིད་ཀྱི་གདུང་བས་གསོལ་བཏབ་པས། །བླ་མ་པདྨ་འབྱུང་གནས་དབྱེར་མེད་པའི། །དགེས་པའི་ཚུལ་གྱིས་རྟག་ཏུ་རྗེས་འཛིན་ཤོག །ཅེས་ཀྱང་ཤུགས་འབྱུང་དུ་གསོལ་བ་བཏབ་པའོ། །དེ་ལྟ་བུའི་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱི་ལྕམ་སྲིང་མོ་ཆེ་བ་ནི། རིན་ཆེན་བསོད་ནམས་བུ་ཁྲིད་ཅེས་བྱ་བ་འདི་མངའ་རིས་བཙད་པོའི་ཁབ་ཏུ་ཕེབས་ནས་སྲས་ལྕམ་སྲིང་གཉིས་འཁྲུངས་ཤིང་། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་ཕལ་ཆེར་པར་དུ་བཞེངས་པ་སོགས་བསྟན་པའི་བྱ་བ་རླབས་ཆེན་དུ་མ་མཛད་དེ་མངའ་རིས་ཉིད་དུ་སྐུ་གཤེགས་སོ། །འབྲིང་པོ་ནི་ལྷ་གཅིག་བཀྲ་ཤིས་སྒྲོལ་མ་སྟེ་འདི་ཉིད་ཀྱང་བསམ་ཡས་ཀྱི་ས་སྐྱོང་ཆེན་པོའི་ཁབ་ཏུ་ཕེབས་ནས་སྲས་ལྕམ་སྐུ་མཆེད་གཉིས་འཁྲུངས་ཤིང་། སླར་གདན་ས་ཆེན་པོར་ཕེབས་ནས་བླ་བྲང་ཤར་གྱི་གཟིམ་ཁང་དུ་སྐུ་