R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༧ན
[A:༢༨༧ན]པ་བཞིན། རྗེ་ཉིད་ཀྱི་ཞབས་འབྲིང་པ་ཆེན་པོ་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཀྱིས་ཀྱང་ཕྱག་ལེན་ལ་ཐེབས་པར་བགྱིས་པ་ན། དེ་ནས་རྗེ་བཙུན་གྲུབ་པའི་དབང་ཕྱུག་བཀའ་དྲིན་གཞལ་དུ་མེད་པ་དེ་ཉིད་ཀྱིས་གདན་ས་ཆེན་པོའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པ་ཐུགས་ཡུལ་དུ་བཅངས་པའི་སྐུས་མི་ལྕོགས་བཞིན་དུ་རྩེ་གདོང་ནས་དགེ་སྡིངས་བཀྲ་ཤིས་བསམ་འགྲུབ་ཏུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། བྱ་ལོ་ཧོར་ཟླ་དང་པོའི་ཡར་ཚེས་ལ་དགེ་སྡིངས་ཆོས་ཀྱི་ཕོ་བྲང་ག་ལ་བ་དེར་ཆག་ཕེབས་ཏེ། ལམ་བར་རྣམས་དང་ཇི་སྲིད་བསྙུང་བའི་བར་དུ་ཐམས་ཅད་དུ་ཐུགས་དམ་ཟབ་མོའི་རིམ་པ་རྣམས་ལ་རྟག་འགྲུས་སུ་མཛད་པའི་ངང་ནས། རྒྱ་གར་སློབ་དཔོན་ཤྲཱི་སིདྷ་བྱོན་ནས་རྫོགས་ཆེན་གྱི་ལྟ་བའི་སྒྲོ་འདོགས་བཅད་པ་སོགས་དེ་ལྟར་དག་པའི་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་འཆར་བཞིན་པ་དང་བཅས། ཟླ་བ་དེ་ཀའི་ཚེས་བཅུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་བོད་ཡུལ་འདིར་དངོས་སུ་འབྱོན་པར་ངེས་པའི་དུས་བཟང་པོ་དེ་ཉིད་ཀྱི་ཚེ། ནམ་མཁའ་ལ་འཇའ་འོད་དང་ལྷའི་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་བསྐུལ་བ་དང་། རྟག་འཛིན་ཅན་རྣམས་ངེས་འབྱུང་བསྐྱེད་པའི་ཕྱིར། སྙིགས་དུས་ཀྱི་གྲུབ་པ་མཆོག་གི་དེད་དཔོན་འཁྲུལ་ཞིག་ཡོངས་ཀྱི་གཙུག་རྒྱན་དམ་པ་དེ་ཉིད་དགུང་ལོ་དྲུག་ཅུ་རེ་གསུམ་དུ་ཕེབས་པའི་ཚེ་དགེ་སྡིངས་བཀྲ་ཤིས་བསམ་འགྲུབ་ཉིད་དུ་གཟུགས་ཀྱི་སྐུ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །དེ་ལྟར་ཚེས་བཅུའི་སྔ་དྲོ་ནས་བཅུ་གཉིས་ཀྱི་ཐོ་རངས་ཀྱི་བར་དུ་འོད་གསལ་མ་བུ་འདྲེས་པའི་ཟུང་