R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༥ན
[A:༢༨༥ན]དང་། མདོར་ན་ནང་དུ་ཏིང་ངེ་འཛིན་གྱི་རྟོགས་པ་བསམ་གྱིས་མི་ཁྱབ་པ་མངའ་བས་མངོན་ཤེས་དང་རྫུ་འཕྲུལ་སོགས་ཐོགས་པ་མེད་པ་དང་ལྡན་པ་ཞིག་སྟེ། དཔེར་མཚོན་ན་ལན་ཅིག་ཁོ་བོ་ཅག་གིས་བདག་ཉིད་ཆེན་པོ་འདི་བྱས་འགྱུར་རྡོ་རྗེའི་བྲག་རྫོང་ན་བཞུགས་སྐབས་ཤིག་ཞབས་དྲུང་དུ་མཇལ་བར་ཕྱིན་པ་ན། ཐུགས་དགེས་པའི་ངང་ནས་ཉིན་རང་པོར་གསུང་གླེང་མང་དུ་མཛད་དེ་ཉི་མ་ཕྱི་མོར་སོང་བ་ན་གསུང་ལས། དོ་ནུབ་འདིར་བསྡད་ན་སྙམ་པ་ཙམ་འདུག་སྟེ་སྐྱེད་ལྷས་མགོན་ཁང་དུ་བསྐང་གསོའི་གྲབས་བྱས་པ་སོགས་བྲེལ་བའི་སྟབས་ཀྱིས་འགྲོ་བ་ཤར་ཚེ། ལམ་བར་ལ་བཅའ་ག་དག་པོ་གྱིས། ལྷག་པར་བྱས་འགྱུར་གྱི་མདུན་གྱི་བླ་མ་དོ་པར་མ་སླེབས་བར་རླུང་འཚུབ་ཤིན་ཏུ་ཆེ་བ་བྱུང་དོགས་ཡོད་པས་དེ་བར་བཟབས་དགོས་སོ། །དེ་ནས་རླུང་པོ་གཏན་འོང་བ་མེད་དོ་ཞེས་གསུང་བྱུང་བ་ཇི་ལྟར་བཀའ་སྩལ་པ་བཞིན་ཁོ་བོ་ཅག་འཁོར་བཅས་བྱས་འགྱུར་ནས་ཆས་ཙམ་ནས་བཟུང་གློ་བུར་དུ་རླུང་ཆེན་པོ་ཆེར་ལངས་ནས། བྱས་འགྱུར་གྱི་མདུན་གྱི་བླ་མ་དོ་པ་ཟེར་བ་དེར་མ་སླེབས་བར་དུ་རླུང་པོ་ཤིན་ཏུ་ཆེ་བས་མི་རྟ་ཀུན་ལ་ཉེན་ཆེ་བ་ཙམ་བྱུང་ཞིང་། དེ་ནས་རླུང་པོ་རྣམས་ཉལ་གྱི་ཞི་བ་ལ་སོགས་བདག་ཉིད་ཆེན་པོ་ཇི་ལྟར་གསུངས་པ་བཞིན་བྱུང་བས་བླ་མའི་གསུང་ལ་ཡིད་ཆེས་ཀྱི་དད་པ་དབང་མེད་དུ་སྐྱེས་ཤིང་། གཞན་ཡང་འཕྲལ་གྱི་མཛད་སྤྱོད་ཡ་མ་ཟུང་སོ་སྐྱེའི་བློས་དཔག་པར་དཀའ་བ་དུ་མ་ཞིག་མཛད་པའི་སྒོ་ནས་ཀྱང་སུས་ཀྱང་མ་ཐུལ་བའི་འཇིག་རྟེན་ན་གྲགས་པ་ཅན་ཀུན་ཀྱང་འདར་བར་མཛད་ནུས་པ་དང་། མདོར་ན་གོང་དུ་བསྟན་པ་ལྟར་གྱི་གྲུབ་