R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༨ན
[A:༢༧༨ན]བྱོན། །འཇིག་རྟེན་རྒྱ་ཧོར་བཙུན་མོ་སྟག་ལུང་མར། །སྲས་གསུམ་འཁྲུངས་པ་ད་ལྟ་བཞུགས་འདིའོ། །ཞེས་སོ། །གཉིས་པ་དེའི་དོན་ཅུང་ཟད་བཤད་པ་ནི། འཇམ་དབྱངས་ཀུན་དགའ་བསམ་གྲུབ་ཀྱིས་བཙུན་མོ་ཞིག་ཁབ་ཏུ་བཞེས་པ་ལ་སྲས་འཇམ་དབྱངས་ཀུན་དགའ་བདེ་ལེགས་བཀྲ་ཤིས་འཁྲུངས་པ་ནི། གཞོན་ནུ་ཉིད་ནས་དམ་པའི་སྐྱེས་བུ་མང་པོ་ལས་གསན་པ་ཅི་རིགས་པ་མཛད་དེ་ཐུགས་དམ་ལ་བརྩོན་པར་བཞུགས་ཤིང་། རྣལ་འབྱོར་དབང་ཕྱུག་གིས་རྗེས་སུ་བཟུང་བར་ཡང་གྲགས་ལ། མཐར་དགུང་ལོ་བཞི་བཅུ་བཞེས་པའི་ཚེ་བདེ་བར་གཤེགས་སོ། །བདག་ཆེན་དེས་བྱ་བཟང་པའི་སྲས་མོ་དཔལ་བུ་ཁྲིད་བྱ་བ་བཙུན་མོར་བཞེས་པ་ལ། ད་ལྟ་དགུང་ལོ་ང་དགུའི་སྟེང་ན་བཞུགས་པའི་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་དང་། གཞོན་ནུ་ལ་གཤེགས་པའི་ཚེ་དབང་ཧོར་སོག་བསོད་ནམས་རྒྱལ་མཚན་ཞེས་བྱ་བ་དང་། འཇིག་རྟེན་རྒྱ་ཧོར་དང་གསུམ་འཁྲུངས་པ་དེ་དག་གིས་མཛད་པའི་ཆ་རྣམས་ནི་སོ་སོའི་རྣམ་ཐར་དུ་བལྟའོ། །དེ་གསུམ་གྱི་ནང་ནས་གཅུང་འཇིག་རྟེན་རྒྱ་ཧོར་གྱིས་སྟག་ལུང་པའི་སྲས་མོ་ཁབ་ཏུ་བཞེས་པ་ལ་སྲས་གསུམ་འཁྲུངས་པ་ནི་ད་ལྟ་ཡོད་པའི་གདུང་སྲས་སྐུ་མཆེད་འདི་དག་གོ །དེ་དག་གིས་རྩེ་གདོང་པའི་གདུང་རབས་བྱོན་ཚུལ་བསྟན་ཟིན་ནས། ད་ནི་དཔལ་ལྡན་ས་སྐྱ་ཉིད་དུ་གདུང་རབས་རྒྱུན་མ་ཆད་པར་བྱོན་ཞིང་འབྱོན་པར་འགྱུར་བའི་ཚུལ་བཤད་པར་བྱ་སྟེ། འདི་ལ་ཡང་ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ངག་དབང་ཀུན་རིན་བཙུན་མོ་གདོང་དགའ་