[A:༢༧༥བ]དུས་འདིར་ཅི་མཛད་བསྟན་འགྲོའི་དོན་གྱུར་བའི། །ཡིད་བཞིན་ནོར་བུ་ལྟ་བུའི་སྔགས་འཆང་དེ། །སློབ་ཚོགས་རྣམས་ཀྱིས་རྙེད་ནས་གློ་བུར་སྟོར། །རིགས་གཟུགས་ཕུན་ཚོགས་མཐུ་སྟོབས་བསམ་ཡས་ཤིང་། །བསྟན་པ་འཛིན་སྐྱོང་སྤེལ་ལ་རབ་མཁས་པའི། །འགྲོ་བའི་གཉེན་ཁྱོད་ལོ་འགའ་མི་བཞུགས་པར། །བསྟན་པའི་བྱ་བ་བཤོལ་ནས་གང་དུ་གཤེགས། །རྒྱལ་བ་དགེས་པའི་སྤྱོད་ཚུལ་ལྷུར་མཛད་པའི། །སྐྱེས་མཆོག་འདི་འདྲ་ལྷ་ཡི་བླ་མ་ཞེས། །ལྷ་བུ་རྣམས་ཀྱིས་མེ་ཏོག་སིལ་མ་དང་། །འཇའ་འོད་ཤིང་རྟས་བསུས་ནས་ཡུད་ཀྱིས་གཤེགས། །དམིགས་མེད་ཐུགས་རྗེས་རང་དོན་ཀུན་བོར་ནས། །རྟག་ཏུ་གཞན་དོན་འབའ་ཞིག་བསྒྲུབ་པ་ཁྱོད། །ད་ནི་འགྲོ་བའི་དོན་མཛད་རྫོགས་གྱུར་ཏམ། །མིན་ན་བུ་སློབ་འབོར་བ་འདི་ཕོད་དམ། །འོན་ཀྱང་མཐོང་བ་དོན་ལྡན་ཁྱོད་སྐུ་ཡིས། །བརྩེ་མེད་ཞིང་འདིར་འདོར་བའི་ཚུལ་སྟོན་པ། །ཚད་མེད་ཐུགས་རྗེའི་སྐྱོན་དུ་མི་འཚལ་གྱིས། །ཞིང་འདིའི་གདུལ་བྱའི་སྐལ་བའི་སྐྱོན་དུ་ཟད། །སྔགས་འཆང་ཐམས་ཅད་མཁྱེན་པ་ཁྱོད་གཤེགས་པས། །དབང་བསྐུར་རྗེས་གནང་བཀའ་གཏད་སུ་ལ་ཞུ། །རྒྱུད་དང་མན་ངག་ཞལ་ཤེས་སུ་ཡིས་འབྱེད། །ཕྱག་ལེན་ཕྲ་མོའི་ཚོགས་རྣམས་སུ་ལ་འདྲི། །མགོན་ཁྱོད་བསྟན་པའི་བྱ་བས་ཐུགས་བསྐུལ་ནས། །ཡང་ཡང་སྤྱན་གྱིས་གཟིགས་ཤིང་ཕྱག་རེག་པའི། །གཙུག་ལག་ཁང་དང་རྟེན་གསུམ་ངོ་མཚར་རྣམས། །ད་ལྟ་གྲོགས་མེད་སོ་སོར་སྐྱེ་བ་འཕེལ། །འདྲེན་མཆོག་ཁྱེད་ཀྱི་ཞབས་དྲུང་གནས་བཅས་ནས། །འཛུམ་ཞལ་མངོན་སུམ་མཐོང་བའི་སྐབས་བྲལ་བའི། །བསོད་ནམས་དམན་པའི་རྗེས་