R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༣བ
[A:༢༧༣བ]མཆི་ཞེས་གསུངས་ཤིང་ཐུགས་སྤྲོ་བ་ཆེན་པོ་མཛད་ཀྱིན་འདུག་པ་ན། དགེ་སློང་པས་ཀྱང་སྤྱན་ཆབ་ཕྱུང་སྟེ་ཕྱག་མང་དུ་ཕུལ་ཅེས་ཐོས་ལ། དེ་ལྟར་ཟླ་བ་ཕྱེད་གཉིས་ལྷག་ཙམ་གྱི་བར་དུ་གཞན་ངོར་གསོལ་དྭངས་ཞན་པའི་ཚུལ་གྱིས་ཚོགས་འཁོར་སོགས་རགས་པ་རྣམས་ཀྱི་རྒྱུན་སྔ་མོ་ནས་གཅོད་པར་མཛད་ཀྱང་། རྒྱལ་ཡུམ་དམ་པ་བཀྲ་ཤིས་དཔལ་གྱི་བུ་ཁྲིད་ཀྱིས་ནན་ཞུས་མཛད་པ་ལ་བརྟེན་ནས། མཛོ་ཞོ་ལ་བྱེ་ཀར་བཏབ་པ་གསོལ་དཀར་ཆུང་ངུ་རེ་ཙམ་ཞག་འགའ་རེའི་བར་དུ་གསོལ་བར་མཛད་ཅིང་། དེ་རྗེས་དེ་ཡང་གཅོད་པར་མཛད་དེ། གསོལ་ཇ་ནག་པོ་ཅུང་ཟད་རེ་དང་། ནང་མཆོད་ཅུང་ཟད་ཙམ་རེ་མ་གཏོགས་གཞན་གང་ཡང་མ་གསོལ་བར་ཞག་བཅུ་གཉིས་ཙམ་གྱི་བར་དུ་བཞུགས་པར་གྲགས་ཤིང་། དེ་དག་གི་སྐབས་ཐམས་ཅད་དུ་ནམ་མཁའ་བཻ་ཌཱུརྻའི་མདོག་ལྟར་ཤིན་ཏུ་དྭངས་པ་ལ་ཉི་མའི་འོད་ཟེར་སྔར་བས་ཀྱང་གསལ་ཞིང་། འཇའ་སྣ་ལྔའི་རི་མོའི་དབྱིབས་འཁོར་ལོ་དང་ནོར་བུ་སོགས་ངོ་མཚར་ཅན་སྣ་ཚོགས་ཀྱིས་ནམ་མཁའི་ཁྱོན་ཐམས་ཅད་ཁྱབ་པ་དང་། ལྷའི་མེ་ཏོག་གི་ཆར་བསམ་གྱིས་མི་ཁྱབ་པ་དུས་རྟག་ཏུ་འབབ་པ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་ཟླ་བ་བདུན་པའི་ཚེས་བཅུའི་ཉིན་མོ་མཆོད་པ་རྒྱ་ཆེན་པོ་ཡང་ཤོམ་གསུངས་ཤིང་། ཞིང་གཞན་དུ་གཤེགས་པར་བརྩམས་པ་ན། དགེ་སློང་ཀུན་དགའ་དོན་གྲུབ་པས་ཕྱག་མང་དུ་བཙལ་ཞིང་། ད་དུང་བསྟན་འགྲོའི་དོན་དུ་ཞབས་པད་བརྟན་པར་བཞུགས་དགོས་ཤིང་། ཅི་སྟེ་མི་བཞུགས་ན་དག་པའི་ཞིང་ཁམས་གང་དུ་གཤེགས། གཟིགས་སྣང་ངོ་མཚར་ཅན་ཅི་འདྲ་བྱུང་ལགས་ཞེས་ཞུས་པ་ན། ཉིད་ཀྱི་