R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༣ན
[A:༢༧༣ན]མོ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། སྐབས་ཤིག་དགེ་སློང་ཀུན་དགའ་བ་ལ། ཁྱོད་ཀྱིས་ཨེ་མཐོང་བ་འདུག་ལྷ་ཁང་ཆེན་མོ་དང་ཕུན་ཚོགས་གླིང་གི་སྟེང་འདི་ཐམས་ཅད་ན་ག་ནས་འོང་ཆ་མེད་པའི་དར་གདུགས་རྒྱལ་མཚན་བ་དན་སོགས་ཁྱེར་བའི་ལྷའི་བུ་མང་པོས་ཁྲིག་མེར་གྱིས་གང་ཞིང་། རོལ་མོའི་སྒྲ་ཆེན་པོས་ས་སྐྱའི་ལུང་པ་ཐམས་ཅད་བཀང་ནས་འདུག་པ་ཨེ་མ་ཡ་མཚན་ཆེ་ཞེས་གསུངས་ཤིང་། དབུ་དང་ཕྱག་གིས་བརྡ་མང་པོ་ཞིག་མཛད་ཀྱིན་འདུག་པ་ལ། དགེ་སློང་པས་གང་ཡང་ཞུ་མ་ནུས་ཤིང་། དེ་དང་དུས་མཚུངས་སུ་གཟིམ་ཁང་གི་མདོ་ཕུག་ཐམས་ཅད་དྲི་བཟང་ཁྱད་པར་ཅན་ཞིག་གིས་ཁྱབ་པར་བྱུང་བ་དང་། དེ་ནས་གྲོ་བཞིན་ཟླ་བའི་ཚེས་བཞིའི་ཉིན་སྔགས་འཆང་ཉིད་དགེ་སློང་ཀུན་དགའ་དོན་གྲུབ་དང་བཅས་ལྷུན་གྲུབ་ཕོ་བྲང་གི་དབང་ཁང་གི་གདུགས་ལ་བཞུགས་པའི་ཚེ་རྗེ་ཉིད་ཕྱག་ཐལ་མོ་སྦྱར་སྤྱན་བར་སྣང་ལ་ཁོར་མོར་གཟིགས་ཤིང་ཞལ་འཛུམ་འཛུམ་མཛད་པ་དང་། དེ་མ་ཐག་སྔར་གྱི་དྲི་འདྲ་བའི་དྲི་ཞིམ་ཁྱད་པར་ཅན་ཞིག་ཐུལ་གྱིས་བྱུང་བའི་ཚེ། དགེ་སློང་པས་ཅི་འདུག་ལགས་ཞུས་པས། བདག་ཉིད་ཆེན་པོ་ཐུགས་དགེས་སྤྲོ་ཆེན་པོ་དང་བཅས་ཨ་རེ་དགའ། ས་ལོ་ཆེན་པོ་དང་བིརྺ་པ་སློབ་དཔོན་པདྨ་གསུམ་ཕྱག་སྦྲེལ་མཛད་ནས་འབྱོན་པའི་རྗེས་སུ་གྲུབ་ཐོབ་རིགས་འཛིན་མང་པོ་ཡང་ཁྲོམ་ཚོགས་སུ་འབྱོན་པ་དང་། བདེ་ཀྱེ་གསང་གསུམ། ཕུར་པ། རྣལ་འབྱོར་མ་སོགས་ངེད་རང་གིས་སྒྲུབ་མཆོད་བྱས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱང་བྱོན་འདུག གཞན་ཡང་སངས་རྒྱས་བྱང་སེམས་ནམ་མཁའ་གང་བར་བཞུགས་འདུག་པ་སྐྱབས་སུ་