R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༢བ
[A:༢༧༢བ]པོ་ཞིག་ངེད་ཀྱི་མདུན་དུ་ཁྲ་ཚུབ་ཀྱིས་སྐྱུར་བྱུང་བ་ལ། དེ་འཛིན་པར་བརྩམས་པའི་ཚེ། ཡང་ནམ་མཁའ་ལ་ཁྲ་ཚུབ་ཀྱིས་བརྡོགས་འགྲོ་བ་དེ་འདྲ་ལམ་འབྲས་མ་གྲོལ་བར་གྱི་སྔ་དྲོ་ཕལ་ཆེ་བ་ལ་བྱུང་ཞིང་། ཁ་རྩང་ཉེ་སྟབས་སག་སར་ཕྱིན་པའི་དུས་སུ། ས་སྐྱའི་རྒྱབ་རི་དང་གདན་ས་དན་གྱི་སྟོད་ཕྱོགས་རྣམས་སུ་ལྷའི་རིགས་མང་པོ་ཕུང་ཕུང་འདུས་ནས། ལག་ན་དར་ལྕོག་དང་འཕན་གདུགས་རྒྱལ་མཚན་སོགས་དང་། རོལ་མོའི་རིགས་མང་པོ་ཁྱེར་ཞིང་དེ་དག་གི་བར་མཚམས་ན་ནམ་མཁའ་འགྲོ་མ་ཡིན་ཟེར་བའི་འབག་གྱོན་པ་འདྲ་བ་མང་པོས་གར་བྱེད་པ་དང་། གཞན་ཡང་དེ་རྣམས་ཀྱི་ཁྲོད་ནས་མི་ནག་དུང་ལོང་ཅན་དག་གིས་འོ་ཅག་ལ་དར་དཀར་གྱི་གཡབ་མོ་ལིང་ལིང་འདེབས་པ་སོགས་མཐོང་སྣང་ཡ་མཚན་ཆེ་བ་འགའ་རེ་བཏུད་ནས་བྱུང་ཡང་། དེ་ཙམ་རང་ལ་ནི་བརྟག་དཔྱད་ཆེར་མེད་ལས་ཆེ། གང་ལྟར་ད་ལོ་ས་ལོ་ཐམས་ཅད་མཁྱེན་པ་ཉིད་ཞལ་བཞུགས་པའི་དུས་བཞིན་སྐུ་འཁོར་མང་པོ་དང་བཅས་དུས་སྐབས་ཕལ་ཆེ་ཐར་རྨི་ལམ་དུ་འབྱོན་པ་ཞིག་འདུག་པས། ངེད་རང་འདི་ཕྱི་བར་དོ་གསུམ་དུ་ཁོང་རང་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་ཆོག་མོད། གཞན་དོག་ཆ་ཡོད་མེད་ཅི་ཤེས་ཞེས་གསུང་བར་གྲགས་ཤིང་། དེ་སྐབས་ནས་གདན་ས་ཆེན་པོ་དང་གཙང་ཕྱོགས་ཀྱི་དགོན་སོ་སོར་ཡང་སྐུ་རིམ་རྒྱ་ཆེ་བ་མཛད་ཀྱང་། སྐུ་ཁམས་ལ་སྐྱེད་དུ་མངོན་པ་མ་བྱུང་ནས་སྐུ་མཚམས་ཀྱང་ཅུང་ཟད་དམ་པར་མཛད་ཅིང་། བྱས་འགྱུར་ནས་སྔགས་འཆང་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་སྒྲུབ་ཆེན་ཀུན་དགའ་དོན་གྲུབ་ཀྱང་ཞབས་དྲུང་དུ་འབོད་པར་མཛད་ལ། དུས་དེར་ཡང་ཐུགས་དམ་ཟབ་