R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༥བ
[A:༢༦༥བ]གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ། ལམ་སྐོར་ཕྱི་མ་བརྒྱད། ནག་པོ་རིམ་བཞི། དྲིལ་བུ་རིམ་ལྔའི་ཁྲིད་སོགས་ཁྲིད་ཀྱི་རིམ་པ་ཡང་བཅུ་ཕྲག་ལྷག་པ་སོགས་མདོར་ན་དབང་ལུང་མན་ངག་སོགས་ཟབ་མོ་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ། སྐལ་ལྡན་གྱི་སློབ་མའི་ཚོགས་ཀྱང་བསམ་གྱི་མི་ཁྱབ་པ་ཞིག་བསྐྲུན་པར་མཛད་པ་ཡིན་ནོ། །དེ་ཡང་བདག་ཉིད་ཆེན་པོ་འདིའི་དྲུང་དུ་སྔ་ཕྱིར་དམ་པའི་ཆོས་ཀྱི་བདུད་རྩི་གསོལ་བའི་བསྟན་འཛིན་གྱི་སྐྱེས་བུ་ཇི་ལྟར་བྱོན་པའི་རྣམ་གྲངས་ཀྱང་། ཉིད་ཀྱི་ཐུགས་སྲས་རྒྱལ་ཚབ་དམ་པ། འཇམ་མགོན་གྲུབ་པའི་དབང་ཕྱུག་པདྨའི་རྣམ་འཕྲུལ་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་བོ་དྷི་སཏྭའི་རྣམ་འཕྲུལ་རྒྱལ་སྲས་སྦས་པའི་རྣལ་འབྱོར་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སྟེ་གདུང་སྲས་རིན་པོ་ཆེ་སྐུ་མཆེད་གཉིས་དང་། རྩེ་གདོང་བདག་ཆེན་ཀུན་དགའ་ལེགས་པའི་འབྱུང་གནས་དཔལ་བཟང་པོ་དང་། མངའ་རིས་གུང་ཐང་གི་ཆོས་རྒྱལ་ཆེན་པོ་ཁྲི་བསམ་གྲུབ་སྡེ། མང་ཡུལ་རྒྱལ་བརྒྱུད་མངའ་བདག་རྒྱལ་པོར་གྲགས་པ། བསམ་ཡས་རྒྱལ་པོ་བཙད་པོ་ཚེ་དབང་རྡོ་རྗེ་སོགས་བོད་ཆོས་རྒྱལ་གྱི་རིགས་སུ་འཁྲུངས་པ་རྣམས་དང་། གཞན་ཡང་ངོར་མཁན་ཆེན་སངས་རྒྱས་སེངྒེ། གླིང་དགའ་བདེ་བ་ཅན་གྱི་མཁན་ཆེན་དཀོན་མཆོག་རྒྱ་མཚོ། གསང་སྔགས་བདེ་ཆེན་གླིང་གི་མཁན་ཆེན་དཔལ་ལྡན་བཟང་པོ། ཆོས་གྲྭ་ཆེན་པོ་ཐུབ་བསྟན་ལྷ་ཆེན་གྱི་མཁན་ཆེན་པཎ་ཆེན་ལེགས་བློ་བ་སོགས་ཐུབ་བསྟན་ལྷ་ཆེན་གྱི་གདན་ས་པ་དྲུག་ལྷག་ཙམ་དང་། འདྲ་འདྲི་ཆོས་