R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༦༥ན
[A:༢༦༥ན]སོགས་དད་ལྡན་གྱི་གདུལ་བྱ་མང་རབ་ཞིག་ལ་ཐོག་མར་ས་སྐྱ་བཀའ་འབུམ། འཇམ་དབྱངས་སངས་རིན་གྱི་བཀའ་འབུམ། གློ་བོ་མཁན་ཆེན་པའི་བཀའ་འབུམ། ས་ལོ་ཆེན་པོའི་བཀའ་འབུམ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ། རྗེ་ཉིད་ཀྱི་བཀའ་འབུམ་ཕལ་ཆེར་གྱི་ལུང་དང་། གཞན་ཡང་རྒྱལ་སྲས་བཀའ་འབུམ། མུས་ཆེན་གྱིས་བསྒྲིགས་པའི་བློ་སྦྱོང་གླེགས་བམ་ཡོངས་རྫོགས། མ་ཎི་བཀའ་འབུམ། བཀའ་གདམས་ཕ་ཆོས་བུ་ཆོས་ཇོ་བོའི་ཆོས་ཆུང་བརྒྱ་རྩ། བཀའ་གདམས་གཞུང་དྲུག བདག་ཆེན་རྒྱ་དཀར་བས་བསྒྲིགས་པའི་མགོན་པོད་དང་། མགོན་པོད་མེ་འབར་མ། གསེར་པོད་རྣམས་དང་། གཞན་ཡང་བདེ་མཆོག་རྩ་རྒྱུད། རྣལ་འབྱོར་མ་ཀུན་སྤྱོད། ཀྱེ་རྡོར་རྒྱུད་གསུམ། གསང་འདུས་རྩ་རྒྱུད། ངན་སོང་སྦྱོང་རྒྱུད། བླ་མ་དམ་པའི་པོད་ནག་མ། གཞུང་བཤད་དམར་མ། སྲས་དོན་མ་རྣམས་ཀྱི་ལུང་སོགས་མདོར་ན་ལུང་གི་རྣམ་གྲངས་བློས་དཔག་པར་དཀའ་བ་ཞིག་དང་། གཞན་ཡང་སྨིན་བྱེད་དབང་གི་རྣམ་གྲངས་ལ་བདེ་ཀྱེ་གསང་གསུམ་གྱི་དབང་སོགས་དབང་བསྐུར་གྱི་རིགས་བཅུ་ཕྲག་གཉིས་ཙམ་དང་། བདག་མེད་མའི་བྱིན་རླབས་སོགས་བྱིན་རླབས་ཟབ་མོའི་རིམ་པ་བཅུ་ཕྲག་གཅིག་དང་ཕྱེད་ཀྱིས་ལྷག་པ་དང་། རྗེས་གནང་གི་བཀའ་སྲོལ་ཟབ་མོ་གཉིས་སུ་གྲགས་པ་སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོའི་རྗེས་གནང་ཡོངས་རྫོགས་དང་། རྗེས་གནང་ཟུར་བཀའ་བཅུ་ཕྲག་བཞི་ཙམ་ལ་སོགས་པ་མདོར་ན་རྗེས་གནང་ཟབ་མོའི་རིམ་པ་ཡང་བསམ་ལས་འདས་པ་ཞིག་དང་། གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཡང་