R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༢བ
[A:༢༥༢བ]ལ། སྔགས་འཆང་ཉིད་ཀྱིས་མི་དེ་རྣམས་ཕལ་ཆེར་ཕ་རོལ་དུ་བདེ་བར་སྒྲོལ་བར་མཛད་ནས། དེ་ནས་རྫིང་བུ་དེ་ལ་སྐུ་ཁྲུས་ཤིག་མཛད་ནས། རི་རྩེའི་སྐས་དེ་ལ་འཛེགས་བྱོན་པ་ན་བདེ་བ་ཅན་ཡིན་ཟེར་བའི་ཞིང་ཁམས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ལྟ་བས་ཆོག་མི་ཤེས་པ་ཞིག་ན། རྗེ་བཙུན་གོང་མ་ལྔ་སོགས་བླ་མ་བརྒྱུད་པ་མང་པོ་དང་། སངས་རྒྱས་བྱང་སེམས་ཁ་བ་བུ་ཡུག་འཚུབ་པ་ཙམ་བཞུགས་འདུག་པ་ལས། གདམས་པ་དང་རྗེས་སུ་བསྟན་པ་མང་དུ་ནོས་པའི་དག་པའི་གཟིགས་སྣང་ངོ་མཚར་ཅན་དེ་བཞིན་བྱུང་བ་ཞབས་དྲུང་ན་གནས་པ་རྣམས་ལ་དེ་མ་ཐག་དེའི་ཚུལ་རྣམས་སྒྲིབ་མེད་དུ་གསུངས་པ་དང་། དེ་དག་ལ་སོགས་པ་མདོར་ན་ངོ་མཚར་བའི་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་ཞིག་མངའ་བ་ཡིན་མོད་ཀྱང་། འདིར་ནི་ཆེ་ལོང་ཙམ་ཞིག་བརྗོད་པ་ཡིན་ལ། དེ་ལྟ་བུའི་སྔགས་འཆང་བླ་མ་ངག་དབང་ཀུན་དགའ་རིན་ཆེན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དགུང་ལོ་ཉི་ཤུ་རྩ་བགྲང་ཙམ་དུ་ཕེབས་ནས་བཟུང་སྟེ། ས་ལོ་ཐམས་ཅད་མཁྱེན་པའི་བཀའ་བཞིན་གདན་ས་འདི་ཉིད་ལ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་བསྟན་པའི་མེ་རོ་གསོ་བའི་ཐུགས་འདུན་ལྷག་པར་ཡོད་ཀྱང་། དེར་སྐབས་བདུད་ཀྱི་གནས་མལ་སྙིང་ལ་བཅས་པའི་སྡེ་པ་ལྷ་ཁང་པ། ལྷ་ས་རྫོང་པ། སྐྱེད་འཕྲང་པ་རྣམས་ཀྱི་ངན་ཤེད་གྲྭ་བསྒྲིགས་ལ་བརྟེན། བསེ་འབག་ནག་པོ་འཕུར་ཤེས་བཞུགས་པའི་དྲ་སྒོ་ལ་ཡང་ཁོང་གསུམ་གྱི་ཐེལ་སེ་གསུམ་འབྱར་བྱེད་པ་སོགས་ལུགས་གཉིས་ཀ་དང་མི་མཐུན་པའི་སྲོལ་ངན་གྱི་རྒྱུན་ཅི་ཡང་ཞིག་ཡོད་པ་ལ། སྔགས་འཆང་བླ་མ་འདི་ཉིད་ཀྱི་ཞབས་ཏོག་རིན་སྤུངས་པ་དཔོན་བློན་གྱིས་མཛད་