R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༢ན
[A:༢༥༢ན]མ་ཡིན་ཀྱང་རིམ་པས་རྒྱུན་འཐུད་དེ་མཐར་སོ་སོ་ལ་བྱེ་བསྙེན་སོང་བར་གསལ་བར་གསུང་འདུག་པས་སོ། །དེ་ལྟར་སྔགས་འཆང་བླ་མ་འདིས་ཡི་དམ་ཞི་ཁྲོ་རབ་འབྱམས་དང་ཆོས་སྐྱོང་སྲུང་མ་རྣམས་ཀྱི་གྲངས་དང་མཚན་མའི་བསྙེན་པ་མཐར་ཕྱིན་མང་པོ་མཛད་པར་རྟེན་ཡི་དམ་དང་བསྟན་སྲུང་དབང་པོ་རྣམས་ཀྱི་ཞལ་བསྟན་ནས་བྱིན་གྱིས་བརླབས་ཤིང་བར་ཆད་སེལ་བའི་ཚུལ་རགས་རིམ་གོང་དུ་བསྟན་པ་བཞིན་དང་། དེར་ཡང་མ་ཟད་བདག་ཉིད་ཆེན་པོ་འདི་ནི་སྔོན་གྱི་བག་ཆགས་བཟང་པོ་སད་པའི་སྟོབས་ཀྱིས་གཞོན་ནུ་ཉིད་ནས་ཡི་དམ་གྱི་ལྷས་ཞལ་གཟིགས་ཤིང་རྗེས་སུ་བསྟན་པ་ནོས་པ་ཞིག་ཡིན་ཏེ། དེ་ཡང་བདག་ཉིད་ཆེན་པོ་འདི་སྐུ་ན་ཕྲ་མོའི་སྐབས་འཁོར་འགའ་ཞིག་དང་བཅས་རྩེ་གདོང་བླ་བྲང་དུ་སྐུ་རྩེ་ཞིང་བཞུགས་པ་ན། གཙང་ཕུང་པོ་རིའི་ཡས་སྟོང་ཐམས་ཅད་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པའི་སྐུས་གོ་མཚམས་མེད་པར་བལྟམས་པ་དང་། མས་སྟོང་ཐམས་ཅད་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་ཤིན་ཏུ་ཆེ་བ་དག་གིས་ཁྱབ་ནས་འདུག་ཅིང་། ཕུང་པོ་རི་བོ་ཆེའི་རྩེར་ཐར་པའི་སྐས་ཡིན་ཟེར་བའི་སྐས་ཤིན་ཏུ་རིང་བ་ཞིག་སྐྱ་ཐལ་ལེ་འདུག་པ་དང་། དེའི་འགྲམ་ན་རྫིང་བུ་ཤིན་ཏུ་ཡིད་དུ་འོང་བ་ཞིག་ཀྱང་འདུག་ཅིང་། དེ་ནས་ཕ་ཚད་ན་སྲིད་པའི་ཚ་ཆུ་ཡིན་ཟེར་བའི་ཆུ་ཆེན་པོ་སྐྱ་ཉོག་གེ་བ་ཞིག་གི་འགྲམ་ན་ཐལ་ཚན་གྱི་ཆུ་བོ་རབ་མེད་ཡིན་ཟེར་བའི་ཐང་ཆེན་པོ་གོ་ཐལ་བཀྲམ་པ་འདྲ་བ་ཞིག་དང་། དེའི་འཁྲིས་ན་ནེའུ་གསིང་སྔོ་ཏལ་པ་ཞིག་འདུག་པ་སྤུ་གྲིས་གཏམས་པའི་ཐང་ཡིན་ལ། དེའི་འགྲམ་ན་མི་མང་པོ་ཞིག་ནག་ཕུང་ཕུང་འདུག་པ་