R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༠བ
[A:༢༥༠བ]དཀར་མོ་དང་། ཞེས་སོགས་ཀྱི་ཚིགས་བཅད་འདི་ཡང་འཇུག་པར་མཛད་པ་ཡིན་ཞེས་ཐོས་སོ། །གཞན་ཡང་དཔལ་ཡང་དག་ཧེ་རུ་ཀའི་གསུང་བསྙེན་ཡང་ལན་གྲངས་དུ་མ་ཞིག་མཛད་པར་བརྟེན། བླ་མ་དང་ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་མཚན་མ་ཡང་མང་དུ་བརྙེས་ཤིང་། ཡང་དག་གི་སྒྲུབ་དཀྱིལ་ངོ་མཚར་ཅན་འདི་ཉིད་ཀྱང་རྩོམས་ཤིག་པའི་ལུང་བསྟན་ས་ལོ་ཉིད་ཀྱིས་མཛད་པར་སྣང་སྟེ། དཀྱིལ་ཆོག་དེ་ཉིད་ཀྱི་མཇུག་ཏུ། ས་ལོ་ཉིད་ཞལ་གཟིགས་ཏེ། སྔགས་འཆང་རང་ཉིད་ཀྱི་ཐུགས་སྟེང་ན་ཡོད་པའི་དོན་འགའ་ཞིག་ཞུས་པ་ན་རྗེས་སུ་གནང་བའི་ཚུལ་སོགས་གསུངས་པའི་རྗེས་སུ། ཡང་དག་གི་གསུང་རྩོམ་ཐོར་བུ་འདི་རྣམས་སྔར་ཕན་བདག་གིས་བསྒྲིག་མ་ནུས་ཚུལ་ཞིབ་པར་ཞུས། ད་ནི་ཇི་ལྟ་བུ་ཞིག་བགྱིད་ལགས་ཞེས་གསོལ་བ་བཏབ་པས། ཞལ་འཛུམ་པ་དང་བཅས་ངེད་རང་གི་རྩོམ་ཐོར་བུ་དེ་རྣམས་ལྷན་ཅིག་བསྡེབས་ཤིང་། གོང་འོག་གི་མཚམས་སྦྱོར་སོགས་ཁྱོད་རང་གི་བློ་ལ་འདུག་པ་བཞིན་བསྒྲིགས་པས་ཡོང་བ་འདུག་ཕེབས་པ་ལ་བརྟེན་ནས། མི་འཇིགས་པའི་སྤོབས་པའི་གདེང་ཅུང་ཟད་ཐོབ་ནས་བྲིས་པ་ཡིན་པས་འདི་ལ་བྱིན་རླབས་དང་ཡིད་ཆེས་གཉིས་ཀ་ཡོད་དོ་ཞེས་གསུངས་པས་སོ། །གཞན་ཡང་སྔགས་འཆང་བླ་མ་འདི་ཉིད་ཀྱིས་ཞིང་སྐྱོང་དབང་ཕྱུག་ཆེན་པོ་ཞལ་བཞི་པའི་གསུང་བསྙེན་མཐར་ཕྱིན་པར་མཛད་པའི་ཚེ། ཞིང་སྐྱོང་ཆེན་པོ་ཉིད་བྲམ་ཟེའི་གཟུགས་སྐུ་མདོག་སྔོན་པོ་ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས་པ་སྐུ་ཤིན་ཏུ་ཆེ་བས་ནམ་མཁའི་ཁྱོན་གང་བ་ཡུམ་བཞི་དང་བཅས་པ་ཞིག་གསལ་བར་གཟིགས་པ་དེའི་སྣང་བརྙན་ཇི་ལྟ་བ་བཞིན་འབྲི་བར་