R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༠ན
[A:༢༥༠ན]ན། ཡི་དམ་གྱི་རྗེས་སུ་བཟུང་བའི་མཚན་ལྟས་བསམ་གྱི་མི་ཁྱབ་པ་བྱུང་བ་དང་། ཁྱད་པར་དེ་དུས་སྔགས་འཆང་ཉིད་ཀྱི་ཞབས་དྲུང་དུ་གཏད་ནས་འོངས་པའི་མི་རྣམས་སྐྱེད་ལྷས་སྒྲུབ་སྡེ་ཙམ་དུ་སླེབས་པ་ན། མི་རྣམས་ཀྱི་དབྱིབས་དང་། མིང་དང་། དངོས་པོ་འདི་ལྟ་བུ་ཁྱེར་འདུག་པ་སོགས་འོད་གསལ་གྱི་ངང་ནས་སྒྲིབ་མེད་དུ་གཟིགས་པ་དང་། གཞན་ཡང་གནས་དེར་འཕགས་ཆེན་ཉིད་ལས་གུར་གྱི་མགོན་པོའི་ནང་ཁྲིད་གསན་ནས་ཐུགས་དམ་རྩེ་གཅིག་ཏུ་མཛད་པ་ན། གུར་མགོན་ལྷ་བརྒྱད། བེར་ནག་ཟངས་གྲི་ཅན། རུ་འདྲེན་སྡེ་བཞི་དྲེགས་པའི་འཁོར་དང་བཅས་པ་རྣམ་འགྱུར་སྣ་ཚོགས་མཛད་པ་ཡང་ནས་ཡང་དུ་གཟིགས་ཤིང་། གཞན་ཡང་བདག་ཉིད་ཆེན་པོ་འདིས་རྡོ་རྗེ་ཕུར་པ་ལ་གསུང་བསྙེན་ཐང་བཞིའི་བར་དུ་མཛད་དེ། ཐང་ཅིག་བྱས་འགྱུར་དུ་མཛད་པ་དེའི་སྐབས་སུ། བྱས་འགྱུར་གྱི་གཞི་བདག་ཀླུ་མོ་དཀར་མོ་དང་། བདུད་ཀྱི་རྟ་པ་བཅོ་བརྒྱད་འཁོར་དང་བཅས་པ་སྔ་དྲོ་ལུང་པའི་མདོར་འགྲོ་བ་དང་། ཕྱི་དྲོ་ཕུར་འགྲོ་བ་ཉིན་རེ་བཞིན་གཟིགས་སྣང་ལ་བྱུང་བ་ན། སྔར་དཔལ་ཆེན་ཕོ་བྲང་དུ་ཕུར་པའི་གསུང་བསྙེན་མཛད་སྐབས། དཀར་མོ་ཉི་ཟླ་དང་བདུད་ཀྱི་རྒྱལ་པོ་འཁོར་བཅས་གཟིགས་སྣང་ལ་བྱུང་བ་དང་ཆ་ལུགས་མཐུན་པར་འདུག་པས་ཐུགས་རྒྱུད་ཀྱང་གཅིག་གམ་སྙམ་དུ་དགོངས་ནས། བྱས་འགྱུར་རྡོ་རྗེའི་བྲག་རྫོང་གི་སྒྲུབ་སྡེ་ཆེན་པོ་མི་ཉམས་ཤིང་ཡུན་དུ་གནས་པ་སོགས་ཀྱི་བཀའ་བསྒོ་མཛད་པ་ན། གཞི་བདག་རྣམས་ཀྱིས་ཀྱང་དེ་བཞིན་ཁས་བླངས་པར་བརྟེན། དེའི་གཏང་རག་ཏུ་དམིགས་ནས་བསང་ཡིག་རྒྱས་པར། གཞི་བདག་ཀླུ་མོ་