R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤༣བ
[A:༢༤༣བ]ཕྱོགས་མུ་མུ་ནེའི་ཞིང་ཁམས་སུ་རྒྱལ་པོ་ཉི་མའི་སྟོབས་འཕེལ་གྱི་བུར་གྱུར་ཏེ། འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་གྱིས་སངས་རྒྱས་ཀྱི་ཞིང་རྣམས་ཡོངས་སུ་སྦྱོང་བར་བྱེད་ཅིང་། དེ་ནས་སྐྱེ་བ་བཞི་པ་ལ་མངོན་པར་དགའ་བའི་ཞིང་དུ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ཞེས་བྱ་བར་མངོན་པར་རྫོགས་པ་སངས་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་པ་འདིས་གྲུབ། དེ་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུའི་སྣང་བ་ཇི་སྙེད་པ་དེ་དག་བཻ་རོ་ཙཱ་ན་དང་ཐུགས་རྒྱུད་གཅིག་ཡིན་ཞིང་། དེ་དང་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཉིད་ཐ་དད་མེད་པ་ནི། གསང་བའི་ལུང་བསྟན་གབ་རྒྱ་ཅན་ལས། ད་ལྟའི་ལོ་ཙཱ་བཻ་རོ་ཙཱ་ན་ཁྱོད། །ངེས་དོན་རྣམ་སྣང་གང་ཆེན་མཚོ་ཞེས་གྲགས། །ལོངས་སྤྲུལ་བྱང་སེམས་དུ་མས་འགྲོ་བ་འདྲེན། །གསུང་གི་སྤྲུལ་པ་དྲང་དོན་བཅུ་གསུམ་གྱི། །ཐ་མ་འཁོན་གྱི་རིགས་ལ་གྲགས་པའི་མཚན། །བདུད་ཀྱི་ཉེ་མཚམས་གསང་སྔགས་བསྟན་པ་སྐྱོང་། །བྱང་སེམས་དྲག་གཏུམ་མ་ངེས་སྣང་ཚུལ་ཅན། །དེ་དང་འབྲེལ་ཚད་སྐྱེ་བ་གསུམ་ནས་གྲོལ། །དྲི་སྙིང་རྟ་སོགས་ལག་གིས་གང་རེག་པ། །ངན་སོང་སྐྱེ་སྒོ་ཆོད་དེ་ངེས་ཚིག་ཡིན། །ལས་ལྡན་དེ་ལ་བདུད་མོའི་བར་ཆད་དམ། །རྒྱ་ནག་ཁམས་ནས་ལྷ་བུའི་བདུད་ལ་གཟོབས། །དེ་དུས་ཐུགས་སྤྲུལ་ཟག་མེད་དམ་པ་དང་། །འཕྲད་ན་འགྲོ་ལ་ཕན་པ་དཔག་མེད་འབྱུང་། །ཚེ་མཐར་ཕྱིན་ཅིང་བར་ཆད་ཚོགས་ལས་རྒྱལ། །ཁྱད་པར་སྟོད་ཧོར་བདུད་སྤྲུལ་ཟིལ་གྱིས་གནོན། །སྤྲུལ་པས་སེམས་ཅན་དོན་ལ་སྒྲིབ་གཡོགས་མེད། །མཐའ་ཡས་ལོངས་སྐུ་ཆེན་པོའི་ཞིང་ཁམས་སུ། །ངེས་པར་སྙིང་ལ་ཆོངས་ཤིག་ས་མ་ཡ། །