R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤༣ན
[A:༢༤༣ན]གི་བྲང་ཁང་མིག་དགུ་ན། །ཕ་མིང་པ་གོར་ཧེ་འདོད་ཅེས་བྱ་དང་། །མ་མིང་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་བུ། །གན་ཇག་ཐང་མཐའ་ཞེས་བྱ་ལོ་བརྒྱད་པ། །དེ་ལ་བསླབས་པས་ལོ་ཙཱ་རྩོད་མེད་འབྱུང་། །ཞེས་གསུངས་པ་འདིས་གྲུབ། ས་སྐྱ་པཎ་ཆེན་དང་བཻ་རོ་ཙཱ་ན་ཐ་དད་མེད་པ་ནི། གཏེར་སྟོན་སངས་རྒྱས་གླིང་པའི་གཏེར་མ་ཀོང་པོ་པུ་རི་ཕུག་མོ་ཆེ་ནས་སྤྱན་དྲངས་པའི་བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱའི་ལས་ཅན་ཉི་ཤུ་རྩ་གཅིག་གི་ལུང་བསྟན་ལས། ལོ་ཙཱ་བ་གོར་བཻ་རོ་ཙ་ན་ཁྱོད། །ཚེ་རབས་བསྐལ་བཟང་ད་དུས་ཚིགས་ལ་ཕན། །དེ་བཞིན་མ་འོངས་དུས་ཀྱི་མཐར་ཐུག་པ། །རིམ་བཞིན་འགྲོ་རྣམས་འདྲེན་དང་བསྟན་པ་སྐྱོང་། །ཁྱད་པར་དམུ་རྒོད་འདུལ་མགོ་འཆོལ་བའི་ཚེ། །ས་ཞེས་བྱ་བ་ཤཱཀྱའི་ཞིང་ཁམས་སུ། །སྒྲ་བསྒྱུར་ལོ་ཙཱ་པཎྜི་བློ་སྟོབས་ཅན། །ས་སྐྱོང་རྒྱལ་པོའི་མཆོད་གནས་བྱེད་པ་སྟེ། །དམུ་རྒོད་ཁ་གནོན་འགྲོ་ལ་ཕན་པ་འབྱུང་། །རྒྱུད་མང་རིམ་བཞིན་དེ་བཞིན་བསམ་མི་ཁྱབ། །ཅེས་ལུང་བསྟན་པ་འདིས་གྲུབ། དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་རྗེ་ས་པཎ་དང་ངོ་བོ་གཅིག་པ་ནི། སྔོན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ཟིན་པའི་དུས་རེ་ཞིག་གི་ཚེ་ན་རྗེ་ས་པཎ་ལ་རྗེ་བཙུན་རིན་པོ་ཆེ་དང་། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་དང་། གྲུབ་ཆེན་ནག་པོ་པ་གསུམ་གྱི་སྐུའི་སྣང་བ་དངོས་སུ་བསྟན་ཞིང་། རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ཁྱོད་སྐྱེ་བ་འདིའི་འོག་རོལ་དུ་མཁའ་ལ་གནས་པའི་རིག་པ་འཛིན་པར་གྱུར་ནས། ས་ལམ་གྱི་རྟོགས་པ་ཕལ་ཆེར་བགྲོད་དེ་དེ་ནས་རྒྱ་གར་ཤར་