R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤༢བ
[A:༢༤༢བ]པར་ཀུན་ཏུ་བཟང་པོ་དང་ཀུན་དགའ་བོ་གཉིས་ངོ་བོ་དབྱེར་མེད་ཡིན་པ་ནི། གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས། དེ་ནས་ཐམས་ཅད་མཁྱེན་པའི་འཁོར་ཕུན་སུམ་ཚོགས་པ་བཤད་པར་བྱའོ། །འདི་ལྟ་སྟེ། འཇམ་དཔལ་ནི་རྒྱལ་པོ་ཟས་གཙང་མར་གྱུར་ཏོ། །འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་སྒྱུ་འཕྲུལ་དུ་གྱུར་ཏོ། །དཔལ་ལྷ་མོ་ནི་གྲགས་འཛིན་ནོ། །རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་འཛིན་ནོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི་ཤཱ་རིའི་བུའོ། །ཀུན་ཏུ་བཟང་པོ་ནི་ཀུན་དགའ་བོར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་ནི་གནས་བརྟན་ལྷ་སྦྱིན་ནོ། །རྣམ་པར་སྣང་མཛད་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་ཏོ་ཞེས་གསུངས་པ་འདིས་གྲུབ། དོན་དེ་དག་ལ་དགོངས་ནས་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱིས་རྗེ་བཙུན་ས་སྐྱ་པའི་གསུང་རབས་ཀྱི་དོན་བསྡུས་ཚུལ་གསུམ་རྒྱན་ལས། ཁྱད་པར་འཁོར་གྱི་གཙོ་བོ་སྡུད་པ་པོ། །སྟོན་པའི་གཉིས་སུ་མེད་པའི་ཡེ་ཤེས་ལས། །གཞན་ངོར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་ཆེ། །འོག་མིན་གནས་དང་མེ་ཏོག་རྒྱན་གྱིས་བརྒྱན། །མི་མཇེད་ཞིང་དང་ཁྱད་པར་མི་ཡི་ངོར། །རིམ་བཞིན་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་། །གསང་བའི་བདག་པོ་ཀུན་དགའ་བོ་ཞེས་གྲགས། །ཞེས་གསུངས་པ་ཡིན་ནོ། །བཻ་རོ་ཙ་ན་དང་ཀུན་དགའ་བོ་ཐུགས་རྒྱུད་གཅིག་པ་ནི། པདྨ་ཐང་ཡིག་ལས། རྒྱ་གར་རྡོ་རྗེ་གདན་གྱི་ཆོས་གྲྭ་ནས། །ཤཱཀྱ་ཐུབ་པའི་ཉེ་གནས་ཀུན་དགའ་བོ། །ཚེ་འཕོས་ལོངས་སྐུའི་ཞིང་ཁམས་མང་ཉུལ་ནས། །མི་ལུས་ཆོས་ལྡན་སྐྱེ་བ་བདུན་གྱི་མཐའ། །གཙང་གི་སྙེ་མོ་བྱེ་མཁར་ཞེས་བྱ་ཡི། །གནས་གཞི་གཅིག་