R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤༡བ
[A:༢༤༡བ]རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པའི་རྗེ་བཙུན་ས་སྐྱ་པའི་བསྟན་པའི་མེ་རོ་གསོ་བ་ལ་བསམས་བཞིན་དུ་སྐུ་སྐྱེ་བ་བཞེས་པ་དེ་ཉིད་ཀྱིས་སྐུ་ཚེ་འདིའི་སྔོན་རོལ་དུ་ཐབས་ལ་མཁས་པའི་སྤྲུལ་པའི་སྐུ་དུ་མར་བསྟན་ཏེ། མཐའ་ཡས་པའི་སེམས་ཅན་གྱི་དོན་མཛད་པའི་ཚུལ་མདོ་ཙམ་ཞིག་བརྗོད་ན། སྔགས་འཆང་བླ་མ་བསྟན་པའི་ཉི་མ་གྲུབ་པའི་དབང་ཕྱུག་ཆེན་པོ་འདི་ཉིད་ནི། དུས་གསུམ་རྒྱུན་མི་འཆད་པར་ཞིང་ཁམས་ཇི་སྙེད་པར་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པའི་སྐུ་དང་མཚན་གྱི་རྣམ་པ་ཐ་དད་དུ་བསྟན་ནས། གདུལ་བྱའི་འགྲོ་བ་འཁོར་དུ་མ་འདུས་པ་རྣམས་བསྡུས། བསྡུས་པ་རྣམས་སྨིན། སྨིན་པ་རྣམས་གྲོལ། གྲོལ་བ་རྣམས་མཐར་ཕྱིན་པའི་ལམ་ལ་འགོད་པར་མཛད་པ་ཡིན་ཏེ། དེ་ཡང་སྔགས་འཆང་ཆོས་ཀྱི་རྒྱལ་པོ་འདི་ཉིད། ཐོག་མར་སྔགས་ཀྱི་ལམ་དུ་ཞུགས་པའི་སྐལ་ལྡན་རྣམས་ཀྱི་ངོར་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་སྡུད་པའི་བྱེད་པ་པོ་མཆོག་ཏུ་གྱུར་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བར་གྲགས་ཤིང་། ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱི་ངོར་ཐེག་པ་ཆེན་པོའི་བཀའ་མཐའ་དག་སྡུད་པ་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྲགས་ལ། གདུལ་བྱ་ཉན་ཐོས་པ་རྣམས་ཀྱི་ངོར་མདོ་སྡེའི་སྡེ་སྣོད་སྡུད་པ་པོ་དགྲ་བཅོམ་པ་ཀུན་དགའ་བོ་ཞེས་བྱ་བར་གྲགས་ཤིང་། ཡང་བོད་གངས་རིའི་ཁྲོད་འདིར་མདོ་རྒྱུད་ཀྱི་ཆུ་གཏེར་ཆེན་པོ་སྤེལ་བ་ལ་མཚུངས་པ་དང་བྲལ་བའི་ལོ་ཙཱ་བ་བཻ་རོ་ཙ་ན་ཞེས་གྲགས་ཤིང་། སླར་ཡང་བླང་དོར་གྱི་རྣམ་གཞག་ཚུལ་བཞིན་དུ་སྟོན་པའི་རྗེ་བཙུན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་