R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤༡ན
[A:༢༤༡ན]བདག་པོ་ཡབ་ཡུམ་བྲན་བཞིན་དུ་འཁོལ་ནུས་པ་སོགས་ནུས་མཐུའི་མངའ་བདག་དུ་གྲགས་ལ། བསྟན་པའི་བྱ་བ་ཡང་གསུང་ངག་བླ་མ་བརྒྱུད་པའི་བྲིས་ཐང་ཤིན་ཏུ་ངོ་མཚར་བ་བཞེངས་པ་ལ་སོགས་པ་རྟེན་གསུམ་མང་དུ་བཞེངས་ཤིང་། གཞན་ཡང་འཆད་ཉན་སོགས་ཀྱང་ཅི་རིགས་པ་མཛད། མཐར་དག་པའི་གཟིགས་སྣང་སོགས་ཡ་མཚན་རྨད་དུ་བྱུང་བའི་ལྟས་དུ་མ་དང་བཅས་གདན་ས་རྩེ་གདོང་ཉིད་དུ་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །བླ་མ་འདིས་ཡ་འབྲོག་མ་ཁྲི་ལྕམ་ཁབ་ཏུ་བཞེས་པ་ལ་སྲས་གཉིས་འཁྲུངས་པའི་ཆེ་བ་འཇམ་དབྱངས་ཀུན་དགའ་བསམ་འགྲུབ་ནི་གཞོན་ནུ་ཉིད་ནས་གྲུབ་པའི་ས་བརྙེས་པའི་ངོ་མཚར་བའི་མཛད་པ་མང་དུ་མཛད་ཅིང་། ས་ལོ་ཐམས་ཅད་མཁྱེན་པ་སྐུ་མཆེད་རྣམས་དང་། ཡོངས་འཛིན་དཀོན་མཆོག་ལྷུན་གྲུབ་སོགས་ལས་ཟབ་རྒྱས་གསན་པ་རྒྱ་མཚོའི་མཛོད་བཟུང་སྟེ། ཐུགས་དམ་ལ་བརྩོན་པའི་ངང་ནས་སྤྱིར་གྲུབ་རྟགས་དུ་མ་དང་། ཁྱད་པར་ཆོས་སྐྱོང་གདོང་བཞི་པ་ལ་བཀའ་བསྒོ་མཛད་པས་འབྲི་མོ་ཞིག་ལ་བེའུ་རྭ་ལྔ་བྱས་པ་ཞིག་སྐྱེས་པའི་མགོ་བོ་ད་ལྟ་ཡང་རྩེ་གདོང་ན་ཡོད་ཅེས་ཐོས་ལ། མདོར་ན་གྲུབ་པའི་མཛད་པ་ཡ་མ་ཟུང་གི་སྒོ་ནས་འོས་སུ་གྱུར་པའི་གདུལ་བྱ་རྣམས་འདུལ་བར་མཛད་དེ། མཐར་གཟུགས་སྐུ་བསྡུ་བའི་ཚེ་ཡང་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་དེ་དག་པའི་ཞིང་དུ་གཤེགས་སོ། །དེའི་གཅུང་འགྲན་ཟླ་དང་བྲལ་བའི་སྐྱེས་ཆེན་དམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དུས་གསུམ་གྱི་སངས་རྒྱས། སྲིད་པ་གསུམ་གྱི་འདྲེན་མཆོག་དམ་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་