[A:༢༣༧ན]སྐབས། གཞི་ཐོག་གི་གཟིམས་ཆུང་མཁའ་སྤྱོད་སྦུག་ཏུ་ཐུགས་དམ་མཛད་དུས། འཁོར་རྣམས་ལ་ཁྱེད་རྣམས་ཕྱིར་སོང་། བརྡ་མ་བྱུང་བར་ལ་སུ་ཡང་མ་བཏང་གསུངས་ནས་ཐུགས་དམ་ལ་སྔར་བས་ཀྱང་རྒྱུན་རིང་བར་བཞུགས་པ་ན། གཟིམས་དཔོན་གྱིས་ད་ནང་སྐུ་ཁམས་ཉོག་པ་མིན་ལགས་སམ་ཞུས་པས། ཉོག་པ་མིན། ད་ནང་བདེ་བ་ཅན་ཡིན་ཟེར་བའི་ཞིང་ཁམས་ཡིད་དུ་འོང་བ་ཞིག་ཏུ་སླེབས། རྒྱལ་བ་འོད་དཔག་མེད་ལ་སངས་རྒྱས་བྱང་སེམས་མང་པོས་བསྐོར་བ་དང་། རྗེ་ས་སྐྱ་པ་ཡབ་སྲས། རྗེ་སངས་རྒྱས་རིན་ཆེན་རྣམས་ཀྱང་བཞུགས་འདུག དེ་རྣམས་ཀྱི་དྲུང་ན་རིན་པོ་ཆེའི་ཁྲི་ཤིན་ཏུ་མཛེས་པ་གཉིས་འདུག་པའི། ཅུང་མཐོ་བ་མཐའ་སྐོར་དུ་མཆོད་པའི་ལྷ་མང་པོས་མཆོད་རྫས་ཐོགས་ནས་འཁོད་པ། སྟེང་ན་གདུགས་ཕུབ་པ་ཞིག་འདུག་པ་དེར་ཁྱོད་སྡོད་ཟེར་ནས་ངས་བསྡད། ཅུང་དམའ་བ་དེར་གཞན་ཅིག་ཕེབས་རྒྱུ་ཡིན་པའི་མཚན་དོན་བྱུང་བ་བརྗེད་འདུག་གསུངས། ང་ཡོད་དུས་ཁྲི་དེ་སྟོང་པར་ཡོད། རྒྱལ་བ་འོད་དཔག་མེད་ཀྱི་དྲུང་དུ་ཆོས་མང་པོ་ཐོབ། ཞིང་ཁམས་དེ་ལས་ཡིད་དུ་འོང་བ་མི་འདུག་གསུངས། ནན་གྱིས་ཚུལ་སྣང་ཞུས་པས་གཉིད་སད་པའི་སྣང་བ་བྱུང་གསུངས་ཤིང་། དེ་ནས་ཧ་ཅང་རྒྱུན་མི་རིང་བ་ཞིག་ན། གློ་བོར་མཁན་ཆེན་ཐམས་ཅད་མཁྱེན་པ་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན་པ་ན། དེ་དུས་བདག་ཉིད་ཆེན་པོའི་གསུང་ལས། ཁ་སིང་བདེ་བ་ཅན་གྱི་ཞིང་ན་ཡོད་པའི་ཁྲི་སྟོང་པ་དེ་མཁན་ཆེན་ཐམས་ཅད་མཁྱེན་པ་ཉིད་འབྱོན་པའི་ལྟས་སུ་འདུག་ཅེས་གསུངས་པར་གྲགས་ལ། དེ་ལྟར་བླ་མ་དང་ཡི་དམ་ཆོས་སྐྱོང་