R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༣༤ན
[A:༢༣༤ན]དགེས་པ་རྡོ་རྗེའི་ཕྱི་ནང་གི་བསྐྱེད་རིམ། ལམ་དུས་ཀྱི་དབང་རྒྱས་པར་བླང་བ་དང་བཅས་པ། བདེ་མཆོག་དྲིལ་བུ་པའི་ལུས་དཀྱིལ། ནག་པོ་པའི་མངོན་རྟོགས། ཕུར་པའི་མངོན་རྟོགས། ལམ་ཟབ་མོ་བླ་མའི་རྣལ་འབྱོར། བླ་མ་རིན་ཆེན་འབྱུང་ལྡན། རྣལ་འབྱོར་དབང་ཕྱུག་གི་སྲུང་བ་གཉིས། ནཱ་རོ་མཁའ་སྤྱོད་ཀྱི་ཉམས་ལེན་འཆི་ཁ་མའི་གདམས་ངག་དང་བཅས་པ། བདེ་མཆོག་དཀར་པོར་ཉམས་ལེན། རྡོ་རྗེ་ལྷ་མོའི་མངོན་རྟོགས། དམར་པོ་སྐོར་གསུམ་གྱི་ཉམས་ལེན། སྒྲོལ་དཀར་གྱི་མངོན་རྟོགས། ཐུབ་པ་མི་རུ་སྦི་ཥ་ར། རྣམ་རྒྱལ་འཇོམས་གཉིས། མགོན་པོའི་སྲུང་བཟློག་རྒྱས་པ་སོགས་ལྷའི་རྣལ་འབྱོར་རེ་རེ་ནས་ཀྱང་སྔགས་ཀྱི་བཟླས་པ་གྲངས་མང་པོ་དང་བཅས་ཐུན་གཉིས་དང་གསུམ་དང་བཞི་ལ་སོགས་པའི་ངེས་པས་གཏན་མི་ཆག་པའི་དམ་བཅའ་བརྟན་པོ་མཛད་ཅིང་། གཙོ་ཆེར་རྫོགས་རིམ་གྱི་ཉམས་ལེན་ལྟ་བ་སྐྱོང་བ་དང་བཅས་པ་དུ་མ་དང་། སྦྱོར་དྲུག་གི་ཉིན་མཚན་གྱི་རྣལ་འབྱོར་དང་། རླུང་དང་འཕྲུལ་འཁོར་ལ་སོགས་པའི་རྣལ་འབྱོར་དུ་མས་མཚན་མོའི་ཆ་ཕལ་ཆེར་འདའ་བར་མཛད་ལ། སྔ་དྲོ་ཐུགས་དམ་གྲོལ་ནས་རྟེན་གསུམ་རྣམས་ལ་ཕྱག་དང་བཅས་པའི་ཡན་ལག་བདུན་པ་དང་། དཀར་གཏོར་ཆ་བཞི། ཉིན་བར་གྱི་དུས་སུ་ཚོགས་ཆོས་གསུང་བ་ལ་སོགས་པའི་ལུང་དང་བཤད་པ་ལ་སོགས་པའི་ཕྱག་ཁྲིད་རྣམས་མཛད། དེ་ལྟ་བུ་མི་གནང་བའི་སྐབས་སུ་ཕྱག་དཔེའི་གཟིགས་རྟོག་ཁོ་ན་མཛད་ཅིང་། ཐུན་མཚམས་གང་རིགས་ལ་གཏོར་མ་བརྒྱ་རྩ་རྒྱས་པ་ཆུ་སྦྱིན་དང་བཅས་པ། ཛམ་སེར་ནག དབྱུ་གུ་མ་སྤུན་གསུམ། དུས་འཁོར་གྱི་