R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༣༣བ
[A:༢༣༣བ]གསལ་དུ་མའི་འདྲེན་པ་དང་། མི་ཆེན་མང་པོའི་བླ་མ་ལ་སོགས་པ་མདོར་ན་བདག་ཉིད་ཆེན་པོ་དང་ཡུལ་དང་གནས་སྐབས་ཀྱིས་མ་བསྐལ་ཞིང་། ཆོས་ལུགས་གཞན་གྱི་དབང་དུ་མ་གྱུར་པའི་དགེ་བའི་བཤེས་གཉེན་ཕལ་མོ་ཆེ་ཞིག་གིས་རང་རང་གི་སྐལ་བ་དང་འཚམས་པའི་གསུང་གི་བདུད་རྩི་ཐོབ་པར་བྱས་ནས། དད་པ་ཆེན་པོས་རིགས་ཀྱི་ཅོད་པན་དམ་པར་འཛིན་ཅིང་། སྐུ་གསུང་ཐུགས་ཀྱི་རྣམ་ཐར་གྱི་རྗེས་སུ་སློབ་པ་བགྲང་བ་ལས་འདས་པས་ཀུན་མཁྱེན་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ཅིང་། དེ་དག་གི་སློབ་མ་དང་ཡང་སློབ་དང་། ཉིང་སློབ་རྣམས་ཀྱིས་ཀྱང་ས་ཆེན་པོ་འདི་ཡོངས་སུ་ཁྱབ་པར་གྱུར་པ་སྟེ། ཇི་སྐད་དུ། ཏིང་འཛིན་ཀླུ་དབང་དུ་མས་ཉེར་བསྟེན་པའི། །གཏིང་མཐའ་མི་མངོན་ཆོས་དབྱིངས་ཐུགས་མཚོ་ལས། །འཕྲིན་ལས་རྣམ་བཞིའི་ཆུ་ཆེན་རབ་ཕབ་ནས། །བསྟན་འཛིན་རྩྭ་ལྗང་མྱུ་གུ་མང་དུ་བསྐྱེད། །ཨེ་མ་འཇམ་མགོན་གཉིས་པའི་ཞལ་གྱི་ལུང་། །རྣ་བའི་ཀུན་དགར་མི་འཛིན་མཁས་པ་སུ། །ཁྱོད་ཀྱི་ཞབས་སེན་ཡིད་འོང་ནོར་བུའི་ཕྲེང་། །སྤྱི་བོའི་རྒྱན་དུ་མི་ལེན་ཆེན་པོ་གང་། །རང་གི་སློབ་མ་རང་དང་རྗེས་མཐུན་པ། །མཁས་བཙུན་བཟང་པོས་མཁས་པའི་བྱ་བ་གསུམ། །མཛད་ནུས་དུ་མས་མཛད་པ་བསམ་ཡས་ཀྱིས། །བློ་གསལ་རྣམས་ཀྱི་བློ་མཚོ་འགེངས་ལ་བརྩོན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བདག་ཉིད་ཆེན་པོ་འདི་ནི་རང་གིས་ཐོས་པ་དང་། གཞན་ལ་བསྟན་པ་དེ་དག་ཐམས་ཅད་ཀྱང་ཟབ་མོའི་ཏིང་ངེ་འཛིན་ལ་བཅུད་ལེན་བྱ་བའི་ཕྱིར་བརྩོན་འགྲུས་དྲག་པོས་ཉིན་ཞག་ཕྲུགས་རེ་ལ་ཇི་ལྟར་མཛད་པའི་ཉམས་ལེན་གྱི་རིམ་པ་ཡང་། ཐོག་མར་