R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༢༩བ
[A:༢༢༩བ]ཟབ་པའི་ཆོས་ཀྱི་བཀའ་དྲིན་མང་དུ་གསན་ཏེ་ཐུགས་སུ་ཆུད་པར་མཛད། ཡང་རྗེ་འདིས་འཕགས་པ་སྤྱན་རས་གཟིགས་དང་ཞལ་མི་གཉིས་པའི་རྗེ་བཙུན་མུས་པ་ཆེན་པོ་སངས་རྒྱས་རིན་ཆེན་གྱི་དྲུང་དུ་སྔ་ཕྱིར་གསན་པའི་ཆོས་ཀྱི་རྣམ་གྲངས་ལ། རྡོ་རྗེ་ཕྲེང་བ་ཀྲི་ཡ་ས་མུཙྪ་དང་བཅས་པའི་དབང་། བདེ་མཆོག་ནག་པོ་པའི་ཆོས་སྐོར་ཡོངས་རྫོགས། སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་། བློ་སྦྱོང་གི་སྐོར། རྗེ་མུས་ཆེན་རང་ཉིད་ཀྱི་གསུང་འབུམ་གྱི་ལུང་སོགས་གསན་ཅིང་། མདོར་ན་སྔར་གསན་པའི་གདམས་ངག་མང་པོ་ཡང་བསྐྱར་ནས་གསན་པར་མཛད་དེ། ཉིད་ཀྱི་གསུང་ལས། འཇིག་རྟེན་དབང་ཕྱུག་བུདྡྷ་རཏྣ་ལས། །སྔར་གྱི་གདམས་ངག་ཕལ་ཆེར་བསྐྱར་ནས་ཉན། །གཞན་ཡང་གསང་འདུས་རིགས་གསུམ་བློ་སྦྱོང་སྤྱོད། །ཀྲྀ་ཡ་ས་མུཙྪ་སོགས་མང་དུ་ཐོས། །ཞེས་སོགས་གསུངས་སོ། །གཞན་ཡང་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ་ལ་དུས་འཁོར་ས་ལུགས་ཀྱི་དབང་། སྦྱོར་བ་ཡན་ལག་དྲུག་པའི་ཁྲིད། ཐ་སྙད་རིགས་པ་ལ་སྒྲ་ཀ་ཙན་གཉིས་འགྲེལ་པ་ཡན་ལག་དང་བཅས་པ། སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས། ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་། མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བའི་ཉེར་མཁོ་བསྡུས་པ་སོགས་མང་དུ་གསན་ཅིང་། གསན་པ་དེ་དག་ཀྱང་མིང་ཙམ་མ་ཡིན་པར་ཚིག་དང་དོན་དུ་བཅས་པ་ལེགས་པར་དགོངས་ཤིང་ཐུགས་སུ་ཆུད་པས་ཕྱི་ནང་གི་རིག་གནས་གང་ལ་ཡང་ཐོགས་པ་མེད་པའི་པཎྜི་ཏ་ཆེན་པོར་གྱུར་པ་ཡིན་ཏེ། ཉིད་ཀྱི་གསུང་ལས། འགོས་ལོ་དྷརྨཱ་པ་ལའི་ཞལ་སྔ་ནས། །དུས་ཀྱི་འཁོར་