R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༢༨ན
[A:༢༢༨ན]དབུས་སུ་བསྙེན་པར་རྫོགས་པར་མཛད་ནས། འཕགས་པ་རྟ་ཐུལ་ལྟར་སྤྱོད་ལམ་ཤིན་ཏུ་དུལ་བ་དང་། ཀཱ་ཏཱ་ཡ་ནའི་བུ་ལྟར་བསླབ་བྱ་རྣམས་ལ་ཤིན་ཏུ་གུས་ཤིང་། འོད་སྲུང་བཞིན་དུ་སྦྱངས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། མདོར་ན་འདུལ་བ་འཛིན་པ་རྣམས་ཀྱི་གཙུག་གི་རྒྱན་དུ་གྱུར་པ་ཞིག་སྟེ། ཇི་སྐད་དུ། ཞི་དང་ཉེར་ཞིའི་མྱོས་བུམ་མཐོ་ལྡན་ཞིང་། །ཀུན་ནས་དུལ་བའི་གསེར་གྱི་དྲ་བ་ཅན། །ཐུབ་བསྟན་སྐྱེད་ཚལ་མཛེས་པའི་གཉིས་འཐུང་ཁྱོད། །ཡོངས་རྫོགས་བསྟན་པའི་ཁུར་ཆེན་འདེགས་པར་བཟོད། །སྤྱོད་ལམ་ཀུན་ནས་དུལ་བ་རྟ་ཐུལ་ཏེ། །བསླབ་བྱར་གུས་པ་ཀཱ་ཏཱ་ཡ་ནའི་བུ། །སྦྱངས་པའི་ཡོན་ཏན་ལྡན་པ་འོད་སྲུང་བཞིན། །དྲི་ཞིམ་བལྟ་ན་སྡུག་ལ་འོད་ཆགས་འབར། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ངེས་ལེགས་ཀྱི་ལམ་ལ་གཅིག་ཏུ་གཞོལ་ཞིང་། ལྷག་པའི་ཚུལ་ཁྲིམས་ཀྱིས་ཐུགས་རྒྱུད་ཕྱུག་པར་མཛད་ནས། སླར་ཡང་རང་གཞན་རྣམ་གྲོལ་ཐོབ་པའི་ཐབས་ཀྱི་གཙོ་བོ་དམ་པའི་ཆོས་ཐོས་ནས་ཉམས་སུ་ལེན་པ་དང་། དེའི་ཡང་རྩ་བ་དྲི་མ་མེད་པའི་གསུང་རབ་ལ་ཐོས་པ་བྱ་བ་ཉིད་ཡིན་པར་དགོངས་ནས། ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམས་ལས་གསན་པ་རྒྱ་མཚོའི་ཕ་རོལ་དུ་སོན་པ་མཛད་པའི་ཚུལ་ནི། ཇི་སྐད་དུ། ཁྱོད་ནི་མཁྱེན་པའི་ལང་ཚོ་ཆེར་རྒྱས་ཀྱང་། །བློ་གསལ་ཡོངས་ཀྱི་དཔྱད་བྱ་འདི་ཡིན་ཞེས། །མང་དུ་གསན་པའི་སྙིམ་པ་རབ་བརྐྱངས་ཏེ། །མཁས་མང་ཞལ་གྱི་བདུད་རྩི་དགེས་པར་གསོལ། །ཞེས་པ་ལྟར། ཆོས་ཀྱི་རྗེ་ཡོངས་འཛིན་དཀོན་མཆོག་འཕེལ་བའི་དྲུང་དུ་དབུ་མ་ལུགས་ཀྱི་སེམས་བསྐྱེད། དབང་གི་སྔོན་