R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༢༠ན
[A:༢༢༠ན]ལ་ཆེར་མ་ཕེབས་པར་གདན་ས་ཆེན་པོ་དང་སྟག་ཚང་རྫོང་ཁ་སོགས་སུ་བཞུགས་ནས། གཙུག་ལག་ཁང་དང་དཀོན་མཆོག་གི་རྟེན་གསུམ་བཞེངས་པ་དང་དགེ་འདུན་གྱི་སྡེའི་ཞབས་ཏོག་མང་དུ་མཛད་ཅེས་གྲགས་ལ། གཞན་ཡང་བདག་ཉིད་ཆེན་པོ་འདིའི་སྐུ་སྨད་ལ་སྟག་ལྤགས་ཀྱི་རི་མོའི་ཤ་མཚན་ཡོད་པར་གྲགས་ཤིང་། སྐུ་ལུས་བྱིང་ཡང་རྣལ་འབྱོར་དབང་ཕྱུག་གི་རྣམ་པ་འདྲ་བ་ཡོད་པར་བཤད་དེ། སྐུ་སྨད་ལ་སྟག་རིས་ཀྱི་རྣམ་པ་འདྲ་བའི་ཤ་མཚན་ཡོད་པ་ནི་བདག་ཉིད་ཆེན་པོ་འདི་ནས་བཟུང་སྟེ། དེང་སང་གི་བར་གྱི་དུས་མཆོད་བླ་བྲང་པའི་གདུང་རིགས་མ་ཉམས་པ་ཕལ་ཆེར་ལ་འབྱུང་བ་ཡིན་ལ། དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་བསྟན་པ་རིན་པོ་ཆེའི་བྱ་བ་རྒྱ་ཆེན་པོ་ཞིག་མཛད་ནས་དགུང་ལོ་ཞེ་གཉིས་པ་ལ་རྫོང་དཀར་དུ་སྐུ་གཤེགས་པའི་ཚུལ་བསྟན་ཅིང་། ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། བདག་ཉིད་ཆེན་པོ་འདིས་བཙུན་མོ་གཉིས་ཁབ་ཏུ་བཞེས་པའི་དང་པོ་བྱང་པ་དཔོན་ནམ་མཁའ་ཚེ་བརྟན་པའི་ལྕམ་མོ་མ་གཅིག་ལྷ་རིན་བྱ་བ་ལ་སྲས་སྐུ་མཆེད་གཉིས་འཁྲུངས་ཏེ། དེ་ཡང་གཅེན་པོ་སློབ་དཔོན་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ནི། ཡབ་གྲགས་པ་རྒྱལ་མཚན་དགུང་ལོ་ཉེར་གཉིས་པ་ས་མོ་བྱའི་ལོ་གདན་ས་ཆེན་པོ་འདི་ཉིད་དུ་སྐུ་བལྟམས་ནས། གཞོན་ནུ་ནས་བདག་ཆེན་ཀུན་དགའ་རིན་ཆེན་པ་དང་མ་ཏི་པཎ་ཆེན་གྱི་དྲུང་དུ་རབ་ཏུ་བྱུང་ཞིང་། ཆོས་རྗེ་བླ་མ་དམ་པ་དང་། བླ་ཆེན་བསོད་ནམས་བློ་གྲོས། བླ་མ་མཉམ་མེད་པ་སོགས་གུས་པས་བསྟེན་ནས་ཡབ་ཆོས་སོགས་དམ་པའི་ཆོས་ལ་སྦྱངས་པ་རྒྱ་ཆེན་པོ་མཛད་དེ། ཚོགས་ཆེན་པོར་ཚོགས་