R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༩ན
[A:༢༡༩ན]བྱི་བའི་ལོ་ལ་སྲད་ཀྱི་ཆ་ལུང་དུ་ལྟས་ཁྱད་པར་བ་དུ་མ་དང་བཅས་ཏེ་ཞི་བར་གཤེགས་སོ། ། སློབ་དཔོན་མ་བསོད་ནམས་འབུམ། དེ་ལྟ་བུའི་སློབ་དཔོན་ཆེན་པོ་དེས་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལ་སྲས་ལྕམ་སྲིང་བཞི་འཁྲུངས་པ་ཡིན་ཏེ། དེ་ཡང་བཙུན་མོ་དང་པོ་ཡུལ་དང་ཕ་མིང་གུང་དང་ཁབ་པ། མིང་ལྷ་གཅིག་ཀུན་སྐྱོང་རྒྱལ་མོ་ཞེས་བྱ་བ་ལ་སྲས་སློབ་དཔོན་མ་བསོད་ནམས་འབུམ་བྱ་བ་ཞིག་གདན་ས་ཆེན་པོའི་གཟིམས་ཁང་སེངྒེ་སྒང་ཞེས་གྲགས་པར་སྐུ་འཁྲུངས་ནས། མངའ་བདག་བཀྲ་ཤིས་ལྡེ་ཞེས་བྱ་བའི་ཇོ་མོ་ལ་བྱོན། སླར་གདན་སར་ཆག་ཕེབས་ཏེ་གནས་མཆོག་དེ་ཉིད་དུ་སྐུ་གཤེགས་ཤིང་། བསོད་ནམས་བློ་གྲོས། ཡང་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་བཙུན་མོ་གཉིས་པ་ཡུལ་ཏ་སྟེ་ངམ་རིང་མ། ཕ་མིང་ཁང་གསར་བ། མིང་དཔོན་མོ་དགེ་འདུན་འབུམ་ཞེས་བྱ་བ་གཞི་ཐོག་པ་ཏ་དབེན་ཀུན་དགའ་རིན་ཆེན་གྱི་ཡུམ་དེ་ཉིད་ལ་སྲས་གསུམ་འཁྲུངས་པའི་གཅེན་བླ་ཆེན་བསོད་ནམས་བློ་གྲོས་ཞེས་བྱ་བ་ཆུ་ཕོ་སྤྲེའུའི་ལོ་ལ་སྟག་ཚང་རྫོང་ཁར་སྐུ་འཁྲུངས་ཏེ། སྐྱེས་སྟོབས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པས་དགུང་ལོ་བརྒྱད་པ་ལ་རྩ་བའི་རྒྱུད་བརྟག་གཉིས་ཐུགས་ལས་གསུངས། ཆོས་རྗེ་བླ་མ་དམ་པའི་དྲུང་དུ་རབ་བྱུང་བསྙེན་རྫོགས་མཛད་ཅིང་། གཞན་ཡང་བླ་མ་མཁས་བཙུན་ཆེན་པོ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། ཆོས་རྗེ་བླ་མ་དམ་པ། དཔང་ལོ་ཙཱ་བ། ཆོས་རྗེ་བྲག་ཕུག་པ། བུ་སྟོན་ཐམས་ཅད་མཁྱེན་པ། རྒྱལ་སྲས་ཐོགས་མེད་པ། བླ་མ་དཔལ་ལྡན་སེངྒེ་སོགས་གུས་པས་བསྟེན་ནས། མདོ་རྒྱུད་བསྟན་བཅོས་ལུང་མན་ངག་དཔག་ཏུ་མེད་པ་ལ་སྦྱངས་པ་རྒྱ་ཆེན་པོ་