R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༧ན
[A:༢༡༧ན]ཤིང་། ཁྱད་པར་རང་རེ་ས་སྐྱ་པ་རིགས་རུས་ཀྱིས་བསྟན་པ་འཛིན་པ་ཡིན་པས་གདུང་སྤེལ་མཛོད་གསུང་བ་སོགས་འདི་ཕྱིར་ཕན་པའི་བསླབ་བྱ་མང་དུ་མཛད་པ་ཡིན་ནོ་ཞེས་ཐོས་ལ། དེ་ལྟར་མཛད་པ་འཕྲིན་ལས་རྒྱ་ཆེན་པོ་ཞིག་མཛད་ནས། ཞིང་གཞན་དུ་འབྱོན་པར་ཉེ་བ་ན་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོ་བ། ནམ་མཁའ་ནས་ལྷའི་རོལ་མོའི་སྒྲ་གྲག་པ་ལ་སོགས་པ་ལྟས་ཁྱད་པར་བ་དུ་མ་བྱུང་བར་གྲགས་ཤིང་། དེ་ནས་སྐུ་མྱ་ངན་ལས་འདའ་བའི་དུས་ལ་བབས་པ་ན་ཞབས་རྡོ་རྗེའི་དཀྱིལ་ཀྲུང་དང་། ཕྱག་གཡས་མཉམ་གཞག གཡོན་གྱིས་ཕྱག་ཕྲེང་བཟུང་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ་ཐུགས་དམ་ཟབ་མོ་མཛད་པའི་ངང་ནས། དགུང་ལོ་བདུན་ཅུ་དོན་གཉིས་པ་འབྲུག་ལོ་ཧོར་ཟླ་བདུན་པའི་ཉེར་ལྔའི་ཚེ་བདེ་བར་གཤེགས་ཤིང་། དེའི་དུས་སུ་སྔོན་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་རྗེས་སུ་སྐུ་གདུང་རྣམས་བསམ་ཡས་ནས་ས་སྐྱར་གདན་དྲངས་ནས་གདན་ས་ཆེན་པོར་ཕེབས་པའི་ཉིན་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཡུ་བ་ཅན་བབས་པ་དང་མཚུངས་པར། ལྷའི་མེ་ཏོག་རྒྱ་ཁྱོན་ཤིན་ཏུ་ཆེ་ཞིང་ཁ་དོག་ཡིད་དུ་འོང་བ་ཡུ་བ་ཅན་གྱི་ཆར་ཁ་བ་ལྟར་མངོན་སུམ་དུ་བབས་པ་དེར་ཡོད་སྐྱེ་བོ་ཀུན་གྱིས་མཐོང་བ་དང་། གཞན་ཡང་དབུའི་གཙུག་ཏོར་གསལ་པོར་འཕགས་པ་དང་། གསང་བའི་གནས་སྦུབས་སུ་ནུབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བར་ཡོངས་སུ་གྲགས་སོ། །དེ་རྣམས་ཀྱིས་ལྷ་རིགས་འཁོན་ས་སྐྱ་པ་སྟེ་མཚན་མཆོག་གསུམ་དང་ལྡན་པའི་གདུང་