R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༩ན
[A:༢༠༩ན]བདག་ཉིད་ཆེན་པོ་རང་གི་ཞལ་ནས། སྐབས་ཤིག་པུ་ཏྲ་འདི་དེང་སང་ཆ་ལུགས་འགྱུར་འདུག་གསུང་བ་སོགས་མདོར་ན་མཁའ་འགྲོ་ཆོས་སྐྱོང་མི་མ་ཡིན་སོགས་ཐམས་ཅད་བྲན་དུ་ཁོལ་ཞིང་ལས་བསྒྲུབ་པ་ཞིག་གོ །ཡང་མངོན་པར་ཤེས་པའི་ཡོན་ཏན་ནི། གདུལ་བྱ་འགའ་ཞིག་ལ་ཁྱོད་ཀྱི་ཚེ་ཚད་འདིའོ་ཞེས་གསུངས་པ་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་ཐོག་ཏུ་ཁེལ་བ་བྱུང་བ་དང་། ཁ་ཅིག་གི་བསམ་པ་དང་སྤྱོད་པའི་འགྲོ་ལྡོག་ལ་སོགས་པའི་གནས་ཚུལ་ཐམས་ཅད་ཀྱང་ཇི་ལྟར་ཡོད་པ་ལྟར་དགོངས་ཏེ་དངོས་སུ་གསུང་བྱོན་པ་དང་། འགའ་ཞིག་གི་ཡིད་ཐེ་ཚོམ་དུ་གྱུར་པ་དྲི་བ་ཞུ་མ་ནུས་པ་ཡོད་པ་རྣམས་ལ། ཆོས་གསུང་བ་སོགས་ཀྱི་འཕྲོས་ལ་ཞལ་ཏ་གསལ་པོར་གནང་བ་ལ་སོགས་པ་མཐའ་ཡས་ཤིང་། ཡང་ལན་ཅིག་ཉི་ཤར་དཔོན་ཆེན་གྱི་སྲས་རྗེ་བཙུན་པར་གྲགས་པ་དང་། རྗེ་ཀུན་དགའ་རྒྱལ་མཚན་པ་གཉིས་ཀྱིས་རྗེ་འདིའི་སྐུ་མདུན་དུ་འོང་བ་ན། རྗེའི་སྐུ་མདུན་གྱི་ཕ་ཚད་དེ་ན་གཟུངས་ཐག་གཅིག་འདུག་པ་དེ་ཁྱེར་ཤོག ངེད་རང་རྩེད་མོ་བྱེད་པ་ཡིན་གསུངས་ཏེ། ད་ཁྱེད་གཉིས་ཀྱིས་ནམ་མཁའ་ལ་མཐོན་པོ་གྱིས་ལ་ཕན་ཚུན་དུ་འཐེན་གསུངས་པ་ལ། ཁོང་གཉིས་ཀྱིས་དེ་བཞིན་བྱས་པས། རྗེ་ཉིད་རྡོ་རྗེ་སྐྱིལ་ཀྲུང་མཛད་ཅིང་གཟུངས་ཐག་དེའི་སྟེང་དུ་བྱོན་ནས་ཡུན་རིང་པོའི་བར་བཞུགས་ཏེ་རྫུ་འཕྲུལ་བསྟན་ནས། དེ་ནས་ཁོང་གཉིས་ལ་དེ་བཞིན་གཞན་ལ་མ་ཟེར་ཅེས་གསུངས་ཞེས་ཀྱང་གྲགས་སོ། །དེ་ལྟར་བླ་མ་དང་ལྷག་པའི་ལྷ་རྣམས་ཀྱི་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པ་དང་། མངོན་ཤེས་དང་། རྫུ་འཕྲུལ་ཐོགས་པ་མེད་པ་ལ་སོགས་པ་ཐུན་མོང་དང་ཐུན་མོང་