R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༨བ
[A:༢༠༨བ]གཤེད་དམར་གྱི་སྒྲུབ་མཆོད་མཛད་སྐབས་གཤེད་དམར་གྱི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ཤིང་། ནང་མཆོད་བྱིན་རླབས་ཀྱི་ཚེ། ནང་མཆོད་ཀྱི་ཀ་པཱ་ལི་ལ་མེ་དངོས་སུ་འབར་བ་ཞབས་དྲུང་ན་ཡོད་པ་ཀུན་གྱིས་མཐོང་སྟེ་ངོ་མཚར་དུ་གྱུར་པ་ན། རྗེའི་གསུང་ལས། འདི་ཡེ་ཤེས་ཀྱི་མེ་ཡིན་མོད་གསུང་བ་ལ་སོགས་པ་གཟིགས་སྣང་ཁྱད་པར་ཅན་དཔག་ཏུ་མེད་པ་བྱུང་ཞེས་ཐོས་ལ། ཡང་མཁའ་འགྲོ་ཆོས་སྐྱོང་གིས་བཀའ་ནོད་པའི་ཚུལ་ནི། དབུ་རྩེར་བཞུགས་དུས་མནལ་ལམ་དུ་གཙུག་ལག་ཁང་གི་ཁྱམས་མཐིལ་དུ་གུར་གྱི་མགོན་པོའི་རྣམ་པ་གསལ་ཞིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཅིག་དང་པོར་གཟིགས། དེ་ནས་དེ་རེས་འགའ་ཕྱག་དྲུག་པའི་རྣམ་པ། རེས་འགའ་ཕྱག་བཞི་པའི་རྣམ་པ་སོགས་རྣམ་འགྱུར་མི་འདྲ་བ་མང་དུ་སྟོན་པ་ཅིག་བྱུང་བ་ན། དེ་གསུམ་ངོ་བོ་གཅིག་ཡིན་ཟེར་བའི་བརྡར་འདུག་སྙམ་པའི་ངེས་ཤེས་ཐུགས་ལ་འཁྲུངས་པ་དང་། ཡང་ལན་ཅིག་ངམ་རིང་དུ་འཇམ་དཀར་ལ་གསུང་བསྙེན་མཛད་པས་ཉི་མ་ཤར་ཙམ་ན། དཔལ་ལྡན་ལྷ་མོ་འདོད་ཁམས་མ་དཔོན་གཡོག་གཉིས་དྲེའུ་ནག་པོ་ལ་ཆིབས་ནས་བར་སྣང་ལ་ཤ་ར་ར་བྱུང་བ་གཟིགས་པ་དང་། ལྷ་ཁང་བླ་བྲང་ན་བཞུགས་སྐབས་ཤིག་ཀྱང་དཔོན་པོ་རིའི་རྩེ་ལ་ཤར་ཕྱོགས་ནས་རྒྱང་གིས་བྱུང་བ་གཟིགས་པ་སོགས་ལན་མང་དུ་གཟིགས་སྣང་ལ་བྱུང་བར་རྗེ་ཉིད་ཀྱིས་གསུངས་སོ་ཞེས་བཤད་ལ། ཡང་དབུ་རྩེར་བཞུགས་སྐབས་དུར་ཁྲོད་བདག་པོ་ཡབ་ཡུམ་གཉིས་མདུན་ནས་གར་སྟབས་ལིང་ལིང་མཛད་པ་སོགས་རྣམ་འགྱུར་ཁྱད་པར་བ་དུ་མ་མཛད་ཀྱིན་ཕེབས་པ་མངོན་སུམ་གཟིགས་པ་དང་། གཞན་ཡང་