R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༤བ
[A:༢༠༤བ]སོགས་པར་མཚན་གསོལ་ནས། བསྟན་པ་བསྟན་འཛིན་དང་བཅས་པ་རྣམས་ལ་ཤེས་སུ་བཅུག་པ་ཡིན་པས། ཤཱཀྱ་མུ་ནིའི་རིང་ལུགས་ཡང་དག་སྐྱོང་གསུང་བའི་ལུང་བཀོད་པའི་གསེར་གྱི་འཇའ་ས་དམ་ཁ་ཁྱད་པར་ཅན་དང་། གསེར་གྱི་འཁོར་ལོ་སྟོང་དང་ལྡན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་འཕྲའི་བཀོད་པ་ཕུལ་དུ་ཕྱིན་པ་ཡོད་པ་སོགས་ཟང་ཟིང་གི་དངོས་སྤྱད་བསམ་གྱིས་མི་ཁྱབ་པ་ཞིག་ཕུལ་ཞིང་། དེ་ནས་རྗེ་བཙུན་འཇམ་པའི་དབྱངས་བཞུགས་པའི་གནས་ཆེན་རི་བོ་རྩེ་ལྔར་ཕེབས་ཏེ། དེར་གནས་རྣམས་མཇལ་བར་ཕེབས་པའི་ཚེ། ནམ་མཁའ་སེར་བུ་དང་ཆུ་འཛིན་སོགས་ཀྱི་དྲི་མ་དང་བྲལ་ཏེ་ཤིན་ཏུ་དྭངས་པ་ལ་འཇའ་འོད་ཁ་དོག་དང་དབྱིབས་སྣ་ཚོགས་པས་ཕྱོགས་ཀུན་ཏུ་ཁྱབ་པ་དང་། དེ་དག་གི་དབུས་དང་མཐའ་རྣམས་སུ་ཁྱེའུ་གཞོན་ནུ་དང་ཕྱག་མཚན་ལ་སོགས་པའི་གཟིགས་སྣང་དཔག་ཏུ་མེད་པ་བྱུང་ཞིང་། གཞན་ཡང་ཨ་སུ་རའི་བྲག་ཕུག་ནས་འོད་ཁ་དོག་དཀར་པོ་ཤིན་ཏུ་དྭངས་ཤིང་གསལ་བ་ཅིག་བྱུང་ནས། ཤར་གྱི་ཕྱོགས་སུ་ཟླ་བའི་འོད་ཟེར་བཞིན་སོང་སྟེ། འོད་དེའི་རྩེ་མོ་ཚུར་གུག་པ་རྗེ་ཉིད་ཀྱི་གཟིམས་གུར་གྱི་སྟེང་དུ་གདུགས་ཕུབ་པ་བཞིན་འཁྱིལ་བར་གྱུར་པ་དང་། ཡང་དེའི་དུས་སུ་གནས་དེར་ཡན་ལག་བརྒྱད་དང་ལྡན་པའི་ཆུ་རྡོལ་ནས་འཁོར་དང་བཅས་པས་གསོལ་ཞིང་ཅི་དགར་རོལ་པ་ལས། ཕྱིས་སུ་འགའ་ཞིག་གིས་གནས་བལྟ་བ་དང་། ཆུ་དེ་འཚོལ་བ་ལ་ཕྱིན་པས་མ་རྙེད་ཅེས་གྲགས་ཤིང་། དེ་ནས་སླར་ཡང་ཕོ་བྲང་ཆེན་པོར་ཕེབས་ཏེ་རྒྱལ་པོ་ཆེན་པོ་དེ་དབང་དང་མན་ངག་བྱིན་རླབས་ལུང་རྗེས་གནང་ལ་སོགས་པ་ཆོས་ཀྱི་བཀའ་དུ་མས་ཐུགས་ཚིམ་པར་མཛད། ཁྲིམས་ཕོག་