R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༣ན
[A:༡༩༣ན]ཏེ། དེ་ནས་སྐུ་དྲང་པོར་བསྲངས་ཞལ་ལྷོར་ཕྱོགས་པའི་ངང་ནས་རྒྱུད་སྡེ་རིན་པོ་ཆེ་ནས་གསུངས་པའི་འདའ་ཁ་མའི་རྣལ་འབྱོར་ཟབ་མོས་གསལ་བཏབ་སྟེ་དགུང་ལོ་ལྔ་བཅུ་རྩ་གཉིས་པ་ཤིང་མོ་ཡོས་ཀྱི་ལོ་ཟླ་བ་བཞི་པའི་ཉི་མ་ཤར་དྲོས་ཙམ་ལ་གཞི་ཐོག་བླ་བྲང་དུ་གཟུགས་ཀྱི་སྐུའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོའི་ངང་དུ་བསྡུ་བར་མཛད་དོ། །དེ་ལྟར་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཡུན་རིང་པོའི་བར་དུ་ནམ་མཁའ་ལ་འཇའ་ཚོན་དང་ལྷའི་སྤོས་ཀྱི་དྲི་ངད་ཁྱད་པར་ཅན་ལྡན་པ་དང་། མེ་ཏོག་གི་ཆར་ཆེན་པོ་འབབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། དེ་ནས་ལོ་འགའ་ཞིག་གི་བར་དུ་སྐུ་གདུང་རིན་པོ་ཆེ་མཆོད་རྟེན་གྱི་སྙིང་པོར་བཞུགས་སུ་གསོལ་ནས། སླར་ཡབ་འཇམ་དབྱངས་ཆེན་པོའི་སྐུ་གདུང་དང་རྗེ་འདིའི་སྐུ་གདུང་ལྷན་ཅིག་ཏུ་བཞུ་ལ་ཕུལ་ཏེ། དེའི་ཚེའང་ནམ་མཁའ་ལ་འཇའ་དང་། མེ་ཏོག་གི་ཆར་ལ་སོགས་པ་ངོ་མཚར་བ་དུ་མ་བྱུང་ཞིང་། ཁྱད་པར་གདུང་ཁང་ཞལ་ཕྱེ་བ་ན། ཡབ་ཀྱི་གདུང་རྣམས་ནི་གཙོ་བོར་གདུང་ལོག་འབའ་ཞིག་ཏུ་སོང་ཞིང་། ལྷ་སྐུ་རིང་བསྲེལ་ཡང་ཐོར་བུར་བྱོན། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་གདུང་ཁང་གི་ལོགས་ལ་རྡོ་རྗེ་འཆང་གི་སྐུ་མི་ཚད་ཙམ་དང་། དེའི་དཔུང་ཟུར་གཡོན་པའི་འོག་ཙམ་དུ་སྟོབས་འཕྲོག་ནག་པོའི་སྐུ་བྲམ་གཟུགས་རྐང་གང་ཙམ་རྒྱན་དང་སྐྱེ་མཆེད་ཐམས་ཅད་ཤིན་ཏུ་གསལ་བ་དུང་རིས་ལས་འཁྲུངས་ཤིང་། སྐུ་གདུང་རྣམས་ལ་ཡང་ལྷ་སྐུ་རིང་བསྲེལ་བསམ་གྱིས་མི་ཁྱབ་པ་བྱོན་ཞེས་གྲགས་སོ། །འདི་དག་ནི་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་