R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩བ
[A:༡༩བ]དང་། རྒྱུད་ཀྱི་བཤད་པ་ལུགས་གཉིས་མན་ངག་ཕྲ་མོ་དང་བཅས་པ་དང་། ནཱ་རོ་ཏ་པའི་གུར་དང་། བྱང་ཆུབ་སེམས་དཔའི་འགྲེལ་པ་གསུམ་ཡན་ལག་དང་བཅས་པ་རྣམས་དང་། ཇོ་བོ་རིན་ཆེན་བཟང་པོ་ནས་བརྒྱུད་པའི་བདེ་མཆོག་རྩ་རྒྱུད། སློབ་དཔོན་ཀོ་ཀ་ན་རྒྱལ་བ་བཟང་པོའི་སྐོར། འགྲེལ་པ་གསུམ། དཀྱིལ་ཆོག སྒྲུབ་ཐབས་བསྟོད་པ་དང་བཅས་པ་དང་། ཇོ་བོ་རྗེ་ལས་བརྒྱུད་པའི་བདེ་མཆོག་རྩ་རྒྱུད། འགྲེལ་པ། སྒྲུབ་ཐབས་ཀྱི་གླེང་གཞི་དང་བཅས་པ་དང་། ཨ་བྷི་དྷ་ན་ལ་སོགས་པའི་ཡན་ལག་རྣམས་དང་། མི་གཡོ་བ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་དང་། སྒྲོལ་མའི་སྒྲུབ་ཐབས་ཡན་ལག་དུ་མ་དང་བཅས་པ་དང་། ཡང་བདེ་མཆོག་སྡོམ་འབྱུང་། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་སྒྲུབ་ཐབས་ཡན་ལག་དུ་མ་དང་བཅས་པ་དང་། དབུ་མ་རིགས་ཚོགས་དང་། མདོ་ཀུན་ལས་བཏུས་དང་། བསྟོད་པའི་ཚོགས་རྣམས་ཀྱི་རྩ་བ་དང་འགྲེལ་པ་ཕྲ་མོ་རྣམས་ཀྱང་གསན་ནས་ཁོངས་སུ་ཆུད་པར་མཛད་དོ། །དེའི་ཚེ་བླ་མས་ཆོས་རྣམས་ཚར་རེ་ལ་མཁྱེན་པ་དང་། མལ་གྱིས་ཐུགས་སུ་མ་ཚུད་པའི་ཚུལ་མཛད་དེ། ལ་ལས་ནི་མི་ཚེ་ཕྱིད་པའི་ཆོས་ལ་ལ་ལས་ཚར་རེས་ཤེས་སུ་རེ་བ་གསུངས་ནས་བཀྱོན་སྐད། ལན་ཅིག་བླ་ཆེན་འདི་མེད་པར་མལ་ལོ་དཔོན་སློབ་ཚོས་རྟོག་བདུན་གྱི་སྔགས་ཤིག་ཐུ་ཡིན་འདུག་པ་དང་། སློབ་མ་ཚོས་མ་ཤེས་བ་ལ། བླ་ཆེན་གྱིས་དེར་བྱོན་ནས་དེ་ལ་ཚེགས་མེད་འདི་ལྟར་བྱས་ན་མཆི་བྱས་པས་བླ་མ་ཀྱག་གིས་བཞེངས་ནས། ཤེས་ན་དགའ་བ་ཚོས་མི་ཤེས། མ་ཤེས་ན་དགའ་བ་ཚོས་ཤེས་འདུག་གསུངས་ནས་གཤེགས་སོང་བ་དང་། དེར་བླ་མ་འདི་