R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༨༩བ
[A:༡༨༩བ]ངེད་རྣམས་འགྲོ་བས་ཐུགས་དམ་ལྷོད་དགོས་ཟེར། འདི་ལ་ཞབས་དབང་མི་དགའ་འམ་དགོངས་ཙ་ན། ཁོས་ཞབས་འོག་ཏུ་མགོ་བཅུག་ནས་ཁྱེད་ཀྱི་སློབ་མ་བརྒྱུད་འཛིན་དང་བཅས་པ་ལ་མི་གནོད་པའི་དམ་བཅའ་འབུལ། ཁྱེད་ནམ་སངས་རྒྱས་པའི་དུས་ང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག་ཟེར་ནས་འཇའ་ཡལ་བ་ལྟར་སོང་བ་དང་། དེ་ནས་རྒྱ་འདྲེ་རྣམས་ཀྱང་གནས་འདིར་མེད་པར་གྱུར་ཏོ་ཞེས་གྲགས་པ་ལ་སོགས་པ་མདོར་ན་གསང་བ་ལས་ཀྱང་ཆེས་གསང་བའི་རྣམ་པར་ཐར་པ་མཐའ་ཡས་པ་ཞིག་མངའ་བ་ཡིན་ནོ། །དེ་ནས་དགུང་ལོ་སོ་དྲུག་བཞེས་པ་ས་མོ་ཕག་གི་ལོ་ལ་རྒྱལ་མཁར་རྩེ་ནས་ཆོས་རྒྱལ་བཀྲ་ཤིས་རབ་བརྟན་དཔལ་བཟང་པོ་ཡབ་སྲས་རྣམས་ཀྱིས་སླར་ཡང་སྤྱན་དྲངས་ཏེ། དེར་སློབ་དཔོན་གྲྭ་རིགས་སོགས་བརྒྱ་དང་ལྔ་བཅུ་ཙམ་ལ་གསུང་ངག་རིན་པོ་ཆེའི་གདམས་པ་ཟབ་མོ་ལེགས་པར་སྩལ་ཞིང་། དེར་ཡེ་ཤེས་མགོན་པོ་དངོས་སུ་བཞུགས་ངེས་པའི་མགོན་ཁང་ཁྱད་པར་དུ་འཕགས་པ་ཞིག་ཀྱང་བཞེངས་པ་མཛད། སླར་སྐྱེད་ལྷས་སུ་ཕེབས་ནས་དམ་ཚིག་དང་ལྡན་པའི་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། མཛེས་བྱེད་ཅེས་བྱ་བ་ཆུ་མོ་ཡོས་ཀྱི་ལོ་དམ་རྫས་འཆི་མེད་རིལ་བུ་སྒྲུབ་པར་མཛད་པས། གྲོམ་པའི་ལུང་ནང་ཐམས་ཅད་དྲི་བཟང་གིས་ཁྱབ་པ་དང་། མེ་ཏོག་གི་ཆར་འབབ་པ་དང་། ལྷག་པར་གོང་བུའི་སྒྲུབ་པ་ཚུགས་ནས་རིལ་བུའི་སྒྲུབ་པ་མཐར་མ་ཕྱིན་གྱི་བར་ལ། ཐོག་མཐའ་བར་གསུམ་དུ་ཤིན་ཏུ་གསལ་བའི་སྒྲས་རིལ་བུ་ཁར་སོང་བའི་སེམས་ཅན་ཐམས་ཅད་སྐྱེ་བ་བཅུ་གཉིས་ཚུན་ཆད་ལ་ངེས་པར་སངས་རྒྱ་བ་ཡོད་དོ་ཟེར་བའི་མཁའ་འགྲོའི་ལུང་བསྟན་ཁྱད་པར་ཅན་