R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༨༩ན
[A:༡༨༩ན]གནས་གསར་པའི་གཞིས་རིན་ཆེན་སྒང་དུ་ཕེབས་པའི་དུས་ཁོང་རྣམས་ཀྱིས་རྩིས་མགོན་གྱི་ལྷ་མོ་ལ་བསྐང་མདོས་ཕུལ་བའི་ཚེ། རྗེའི་ཞལ་ནས་ཁྱེད་ཀྱིས་ལྷ་མོ་ལ་བསྐང་མདོས་ཡང་ཡང་དགོས་པ་འདི་འདྲ་ལྐོག་པ་ལ་གསུངས་པས། ལྷ་མོ་ཅུང་ཟད་མ་མཉེས་པར། དེ་ནུབ་ཐོ་རངས་རྗེ་ཐུགས་དམ་ལ་བཞུགས་པའི་མདུན་དུ་ཤིན་ཏུ་འཇིགས་པའི་ཆ་ལུགས་སུ་བསྟན་ནས་བྱུང་བ་ན། བར་ཆད་བྱ་བར་ནི་མ་ནུས། རྣལ་འབྱོར་བ་ལྟ་བ་ལ་སྦྱངས་འདུག་གསུང་ཞལ་འཛུམ་པ་དང་བཅས་དེ་ཉིད་དུ་མི་སྣང་བར་གྱུར་ཅེས་ཀྱང་གྲགས་ལ། གཞན་ཡང་འོད་གསལ་གྱི་ངང་ལ་ཐོགས་བཅས་ཀྱི་དངོས་པོ་སྒྲིབ་མི་ནུས་པར་ཇི་ལྟ་བ་བཞིན་གཟིགས་པར་སྣང་སྟེ། ལན་ཅིག་གདན་སའི་བླ་བྲང་ཤར་ན་གསུང་ཆོས་གནང་བའི་དུས། རྒྱ་འདྲེ་དཔོན་གཡོག་མང་པོ་ས་སྐྱའི་ཉེ་སྐོར་ན་སྒར་རྒྱབ། སྐབས་སུ་དཔོན་པོ་དེའི་མགོ་ཐོག་ཏུ་གདུགས་ཉི་འོག་ཏུ་སླེབས་པ་ཙམ་བྱས། ས་སྐྱ་ལ་བསྐོར་བ་ཕྱིན་ཕྱི་ལོག་ཐེང་རེ་བྱས་དུས། གདན་ས་འདིར་རྒྱ་འདྲེ་མི་བསད་སོགས་ཡོང་བ་ཅིག་འདུག་པ་ལ། རྗེ་འདིའི་ཐུགས་དམ་ལྟ་བའི་ངང་ནས་མེ་དམིགས་མང་དུ་གནང་བས། ཞག་འགའ་ནས་གསུང་ཆོས་པ་རྣམས་ཕྱིར་འགྲོ་བ་དང་མཉམ་དུ་མི་སོག་པོའི་རྣམ་པ་ཅན་འཇིགས་སུ་རུང་བ་ལུས་པོ་ཀུན་ལ་མེས་ཚིག་པའི་རི་མོ་ཡོད་པ་གཅིག་རྗེའི་དྲུང་དུ་ཐོགས་མེད་དུ་བྱུང་ནས་ཞབས་དབང་ཅིག་དགོས་ཞུ་བ་ལ། ཁྱོད་སུ་ཡིན་གསུངས་པས། བདག་རྒྱ་འདྲེའི་དཔོན་འོག་མ་ཅིག་ཡིན། ཁ་སང་ནས་ཁྱེད་ཀྱིས་དམིགས་པ་མཛད་པ་དེས་ངེད་ཐམས་ཅད་ཚིག ད་ལན་དཔོན་པོ་ན་དྲགས་སྐུ་མདུན་ལ་ཡོང་མ་ཐུབ། ད་