R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༨༨བ
[A:༡༨༨བ]གོང་བཞིན་ཁྲིད་ནས་མཐུ་དང་སྟོབས་མེད་པར་དམ་ལ་ཐོགས་པ་གཟིགས་ཏེ། མི་ཕྱེད་པའི་དད་པ་ཐོབ་ཅིང་དེ་ཕྱིན་ཆད་རྔ་བརྡུངས་ལ་ཡིད་གང་ཡོད་ཆེས་པ་ཅིག་བྱུང་ཞེས་གྲགས་པ་དང་། གཞན་ཡང་བདག་ཉིད་ཆེན་པོ་འདི་ནི་མཐུ་དང་ནུས་པའི་མངའ་བདག་ཏུ་གྱུར་པའི་སྟོབས་ཀྱིས་འདིས་སྒྲིག་པར་མཛད་པའི་པོ་ཏི་མེ་འབར་མར་གྲགས་པ་དེ། གཟིམས་དཔོན་ནམ་ཤེས་གྲོགས་མཆེད་ཀྱིས་རྒྱལ་རྩེ་ནས་བླང་སྟེ་ས་སྐྱར་ཁྱེར་འོང་བའི་ལམ་ཞོང་ངའི་མདར་ཆོམ་རྐུན་པ་འགའ་ཞིག་གིས་ཕྲོགས་ཏེ་ཁྱེར་ནས་ཁོང་རྣམས་ཀྱི་ཡུལ་དུ་ཕྱིན་པ་ན། ཡུལ་དེར་མི་འདོད་པའི་ལྟས་སྣ་ཚོགས་བྱུང་ཞིང་། ཁྱད་པར་ཕྱག་དཔེ་གང་དུ་བཞག་སར་མེ་འབར་བས་ཁོང་རྣམས་ཀྱིས་ཉེར་ཚགས་མ་ནུས་པར་ར་ས་རྫོང་པའི་ལག་ཏུ་བྱུང་། དེར་ཡང་ཆོ་འཕྲུལ་སྣ་ཚོགས་བྱུང་སྟེ་རྣམ་རྟོག་གི་ངང་དུ་ཡོད་པ་ན། རེ་ཞིག་ནས་སྨན་གྲོང་དྲུང་རྡོར་བས་དེར་བྱོན་དུས་དེ་བཞིན་གྱི་གསུང་གླེང་བྱུང་བས་རྗེའི་ཕྱག་དཔེ་ཡིན་པར་ངེས་ཏེ། རྫོང་པ་དངོས་ཀྱིས་འབུལ་མ་ནུས་པར་དྲུང་རྡོར་བ་བརྒྱུད་ནས་ཕུལ། དེ་ཕྱིན་མགོན་པོད་འདི་ཉིད་ལ་དེང་སང་གི་བར་གྱི་བུ་ཕྱི་ཡང་ཕྱི་དང་བཅས་པ་ཀུན་ལ་མགོན་པོད་མེ་འབར་མར་གྲགས་པ་འདི་བྱུང་ཞིང་། དེ་ལྟར་བུའི་མ་ཕྱེ་བདག་ཆེན་རང་གི་ཕྱག་དཔེ་དངོས་དེ་ནི་རྒྱལ་མཁར་རྩེ་བའི་ཞལ་ངོ་རྣམས་ཀྱི་སྐུ་སྲུང་དུ་བཞུགས་པ། དུས་ཕྱིས་དྲུང་འཕགས་པ་ཚུལ་ཁྲིམས་པའི་ཕྱག་བརྒྱུད་དེ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་བདག་གི་ལག་ཏུ་རྩོལ་མེད་དུ་བྱུང་བ་དེང་སང་སྐལ་ལྡན་རྣམས་ཀྱི་མཆོད་པའི་ཡུལ་དུ་གདན་ས་འདི་ཉིད་ན་བཞུགས་པ་འདི་ཡིན་ནོ། །ཡང་སྐབས་ཤིག་གི་ཚེ་