R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༨༣ན
[A:༡༨༣ན]གསུམ་ལ་གཡེལ་བ་མེད་པར་གཅེས་སྤྲས་སུ་མཛད་པ་ཡིན་ལ། དམ་པ་འདི་ཉིད་ཀྱི་དྲུང་དུ་རྡོ་རྗེ་ཐེག་པའི་གསང་བ་ཟབ་མོའི་བཀའ་དྲིན་ནོས་པའི་ཚུལ་ནི། ཞབས་དྲུང་དུ་ཕེབས་མ་ཐག་ཏུ་ཐོག་མར་གཤེད་དམར་ལྷ་ལྔའི་དབང་། བྱིན་རླབས། བསྐྱེད་རྫོགས་ཀྱི་ཉམས་ཁྲིད། དེ་ལ་ཉེ་བར་མཁོ་བའི་ལུས་སྦྱོང་འཕྲུལ་འཁོར། བསྐྱེད་རྫོགས་ཀྱི་གཞུང་ལ་སོགས་པ་གསན་ཅིང་། གཞན་ཡང་བློ་སྦྱོང་དོན་བདུན་མར་གྲགས་པའི་ཉམས་ཁྲིད་དང་། རྒྱལ་སྲས་ཐོགས་མེད་པས་མཛད་པའི་རྩ་ཚིག་གི་ལུང་ལ་སོགས་པ་བློ་སྦྱོང་སྐོར་དུ་མ་དང་། གཞན་ཡང་རྒྱུད་གསུམ་གྱི་བཤད་བཀའ་དང་། འཁོར་ལོ་བདེ་མཆོག་གི་དབང་ལུང་མན་ངག་དུ་མ་དང་། ནཱ་རོ་མཁའ་སྤྱོད་ཀྱི་ཆོས་སྐོར། རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀའ་འབུམ་ཐོག་གཅིག རྗེ་ཉིད་ཀྱི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་ལ་སོགས་པ་དུ་མ་ཞིག་གསན་ཏེ། དེའི་སྐབས་སུ་བདག་ཉིད་ཆེན་པོ་འདིས་རྗེ་སེམས་དཔའ་ཆེན་པོ་ལ་ནི་གུ་ཆོས་དྲུག སྤྱོད་ཁྲིད་སོགས་ཆོས་སྣ་མང་པོ་ཞིག་ཐོར་བཀོད་ནས་འདི་རྣམས་གནང་དགོས་ཚུལ་ཞུས་པས། རྗེ་ས་ཆེན་གྱི་རྣམ་ཐར་གནང་ནས། ཁྱེད་རང་གི་ཆོས་རྣམས་འདི་ན་ཡོད་པས་འདི་ལ་གཟིགས། འདི་ནང་གི་ངེད་རང་གིས་ཐོབ་པ་རྣམས་འབུལ་གསུང་བ་བྱུང་བ་དང་། དེ་མཐུན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ། རྣལ་འབྱོར་དབང་ཕྱུག་བིརྺ་པའི་གསུང་གི་མན་ངག རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་སྙན་བརྒྱུད་བཞི་བར་མ་ཆད་པར་བྱོན་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོ་གསན་