R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༨༢བ
[A:༡༨༢བ]ཐང་དུ་སྲོད་ལ་གསང་ཐབས་སུ་ཕེབས་པས། མཚོ་པོར་ཕེབས་པ་དང་། མཚོ་པོ་ནང་པ་བསོད་ནམས་དཔལ་འབྱོར་བྱ་བས་ཆིབས་པ་དང་འཕྲལ་ཀྱི་སྐུ་ཆས་འདྲ་ཡང་ཕུལ། དེ་ནས་རིམ་གྱིས་ཕེབས་པས་མུས་སུ་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་དུ་གེགས་མེད་དུ་མཇལ། མཇལ་མ་ཐག་ཏུ་ཐུགས་ཀྱི་དད་པ་ཚད་མེད་པ་འཁྲུངས་ཤིང་། རྗེ་སེམས་དཔའ་ཆེན་པོས་ཀྱང་བསུ་བ་སེར་ཕྲེང་སོགས་བཀུར་སྟི་དཔག་ཏུ་མེད་པ་གནང་ཞིང་། དེ་ནས་བདག་ཉིད་ཆེན་པོ་འདི་རྟེན་རྣམས་ཀྱི་ནང་ནས་དགེ་སློང་གི་རྟེན་ཉིད་མདོ་རྒྱུད་མང་པོ་ནས་ལན་ཅིག་མ་ཡིན་པར་ཡང་ཡང་བསྔགས་པ་རྒྱ་ཆེར་བརྗོད་ཅིང་མཆོག་ཏུ་གསུངས་པ་རྣམས་ཀྱིས་ཐུགས་ཡིད་འཕྲོགས་ཏེ། ལོ་དེའི་ཐ་སྐར་ཟླ་བའི་ཚེས་བཅུའི་ཉིན་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་པའི་གནས་མཆོག་ཡ་མ་བདེ་ལྡན་ཆོས་རྫོང་གི་རི་ཁྲོད་དུ་མཁན་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་རྗེ་སེམས་དཔའ་ཆེན་པོ་ཉིད་དང་། ལས་ཀྱི་སློབ་དཔོན་ཞ་ལུ་བ་ཆོས་རྗེ་སངས་རྒྱས་དཔལ་བཟང་། གསང་སྟེ་སྟོན་པའི་སློབ་དཔོན་སླེ་ལུང་མཁན་པོ་དཀོན་མཆོག་བློ་གྲོས་པ། འདུལ་བ་འཛིན་པ་ཆེན་པོ་བློ་གྲོས་རིན་ཆེན་པས་གྲིབ་ཚོད་པ་མཛད་དེ་དད་པའི་དགེ་འདུན་འཁོར་འདུལ་བ་འཛིན་པ་བཅུ་གཉིས་དང་བཅས་པའི་དབུས་སུ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་བསྒྲུབས་ཏེ་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་ཀུན་གྱི་གཙུག་གི་ནོར་བུར་གྱུར་ནས། དེ་ནས་བཟུང་ལྟུང་བ་སྡེ་ལྔ་ཆར་གཏོགས་དང་བཅས་པའི་དྲི་མ་མཐའ་དག་དང་བྲལ་ཞིང་། ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་