[A:༡༨༠ན]པོར་ཕེབས་པའི་ཚེ། བླ་མ་ཡང་རྩེ་བ་ཟེར་བའི་དཔལ་མགོན་ཞལ་གྱི་གྲུབ་ཐོབ་ཏུ་གྲགས་པ་ཞིག་གི་གང་ཟག་གཅིག་ལ་ཞལ་གྱི་རྗེས་གནང་བྱས་པས། འཁུ་ལྡོག་གི་རྣམ་པས་ཁོང་པ་ཞལ་ལྐུགས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་ནས་རྗེ་འདིའི་དྲུང་དུ་ཐོགས་མེད་དུ་བྱོན་བྱུང་བ་ན། མགོ་ཐོག་ཏུ་སྤྱན་དྲོངས་ཟེར་བའི་བརྡ་བྱེད་ཀྱིན་འདུག་པ་ན། སློབ་དཔོན་དཔལ་མཆོག་པས་རྗེ་འདི་ཉིད་པང་དུ་བླངས་ནས་ཁོང་གི་དབུ་ཐོག་ཏུ་བཞག དེ་ཀའི་མོད་ལ་གསུང་ཁྲོལ་བྱུང་བ་དང་། མི་ཕྱེད་པའི་དད་པ་ཐོབ་པར་གྱུར་ཅེས་གྲགས་ལ། དེ་ནས་དགུང་ལོ་བརྒྱད་པའི་དུས་སུ་རྗེ་བཙུན་གཅེན་དང་ལྷན་ཅིག་ཏུ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ཆེ་འདོན་ལེགས་པར་མཛད། ཚངས་པའི་དབྱངས་ལྟ་བུའི་གསུང་གིས་དམ་པའི་ཆོས་ཀྱི་བཀའ་དྲིན་རྩལ་པས། བློ་གསལ་མཁས་པའི་ཚོགས་རྣམས་ངོ་མཚར་ཞིང་མི་ཕྱེད་པའི་དད་པ་ཐོབ་པར་གྱུར། དེ་ལས་གཞན་པའི་སྐྱེ་བོ་རྣམས་ནི་ཞལ་མཐོང་གསུང་ཐོས་པའི་བག་ཆགས་ཁྱད་པར་ཅན་རྒྱུད་ལ་བཞག་ཅིང་། ཟང་ཟིང་གི་སྦྱིན་པས་ཡིད་རབ་ཏུ་ཚིམ་པར་མཛད་ལ། སླར་ཡང་དགུང་ལོ་དགུ་པ་ནས་བཅུ་གསུམ་པའི་བར་དུ་འཇམ་དབྱངས་ཆོས་རྗེ་དེ་ཉིད་ཀྱི་ཆག་ཕྱིར་ཉང་སྟོད་ཕྱོགས་སུ་ཕེབས་ཤིང་། སློབ་དཔོན་དཔལ་མཆོག་པར་གྲགས་པས་ཀྱང་ཟུར་སློབ་ཀྱི་ཚུལ་གྱིས་ཞབས་ཏོག་མཛད། རྗེ་དེ་ཉིད་ཀྱི་དྲུང་དུ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཚད་མ་རིགས་གཏེར། རྒྱལ་སྲས་ལམ་བཟང་། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ། དབུ་མ་རྩ་བ་ཤེས་རབ་ལ་སོགས་པ་གཞུང་ལུགས་དུ་མ་ཞིག་གསན་