R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧༩བ
[A:༡༧༩བ]ཡིན་པའི་ཆོས་སྐོར་སོགས་གདུང་བརྒྱུད་ཁོ་ན་ལ་ཆིག་བརྒྱུད་དུ་བཞུགས་པའི་གདམས་པ་རྣམས་ཡོངས་སུ་རྫོགས་པར་གནང་བར་ཆོས་སྐོར་འདི་དག་གི་མངའ་བདག་ཆེན་པོར་བཞུགས་པ་ནི། བདག་ཉིད་ཆེན་པོ་རང་གི་གསུང་ལས། བོད་ཡུལ་བསྟན་པའི་མངའ་བདག་མཆོག །ས་སྐྱའི་རྗེ་བཙུན་ལས་བརྒྱུད་པའི། །ནག་པོ་ཆེན་པོའི་མན་ངག་ལ། །ང་མཁས་ཟེར་བ་མང་ན་ཡང་། །ཇི་བཞིན་རྟོགས་པ་ཁོ་བོ་ཙམ། །ཞེས་གསུངས་པ་འདི་ཉིད་ཀྱིས་རྟོགས་པར་ནུས་པ་ཡིན་ནོ། །དེས་ན་བདག་ཉིད་ཆེན་པོ་འདིས་འཁོར་བའི་ཁྱིམ་ཐབ་ནི་འཇིགས་ཤིང་ཉམ་ང་བའི་སྡུག་བསྔལ་གྱི་རྩ་བར་གཟིགས་ནས། མཐོ་རིས་དང་བྱང་ཆུབ་བསྒྲུབ་པས་མེད་དུ་མི་རུང་བའི་གཞི་ཆེན་པོ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཁོ་ནར་དགོངས་ཏེ། ངེས་པར་འབྱུང་བའི་ཐུགས་ཀྱི་བསམ་པ་སྟོན་གྱི་ཟླ་བ་ལྟར་དཀར་ཞིང་དྲི་མ་མེད་པས་ཀུན་ནས་བསླངས་ཏེ། དགུང་ལོ་བདུན་པ་རབ་མྱོས་ཞེས་བྱ་བ་ལྕགས་ཕོ་རྟའི་ལོ་ལ་བྱང་ཕྱོགས་ཤམྦྷ་ལའི་རིགས་ལྡན་གྲགས་པ་གངས་རིའི་ཁྲོད་འདིར་ངུར་སྨྲིག་གི་བླ་གོས་ཀྱི་རྣམ་པར་རོལ་པའི་འཇམ་པའི་དབྱངས་དཀོན་མཆོག་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པའི་ངེས་དོན་རྒྱ་མཚོའི་མངའ་བདག་ཆེན་པོ་དེ་ཉིད་དགེ་སྡིངས་བླ་བྲང་དུ་སྤྱན་དྲངས་པའི་དྲུང་དུ་ཁྱིམ་པའི་རྟགས་མཐའ་དག་བཞི་མདོའི་རྩྭ་ལྟར་དོར་ཞིང་། ངུར་སྨྲིག་གི་རྒྱལ་མཚན་སོགས་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བཞེས་པའི་སྒོ་ནས་བར་མ་རབ་བྱུང་དུ་བསྒྲུབ་སྟེ། བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ། དེ་ནས་དམ་པ་དེ་ཉིད་ཀྱི་ཞབས་ཕྱིར་འབྲངས་ཏེ་ཉང་སྟོད་དཔལ་འཁོར་བདེ་ཆེན་གྱི་ཆོས་སྡེ་ཆེན་