R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦༨བ
[A:༡༦༨བ]འཁོར་ཆེན་པོ་དེ་ཉིད་དང་། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་རྣམས་ཀྱིས་དངོས་སུ་བྱིན་གྱིས་བརླབས་ནས་འཇིག་རྟེན་གྱི་སྒྲོན་མ་ཆེན་པོར་གྱུར་ཅིང་། རྒྱ་ཆེན་ཆོས་ཀྱི་མཛོད་འཛིན་པའི་བདག་ཉིད་ཆེན་པོ་བདེ་བར་གཤེགས་པའི་བཀའ་བསྡུ་བ་པོར་གྱུར་ནས། གངས་ཅན་གྱི་སྐྱེ་དགུ་རྣམས་ཀྱི་མིག་དམ་པར་གྱུར་པའི་ལོ་པན་སྐྱེས་མཆོག་ཁྱད་པར་ཅན་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་བསྒྱུར་ཞིང་གཏན་ལ་ཕབ་པའི་གནས། ཆོས་བཟང་ལྷའི་མདུན་ས་དང་མཚུངས་པའི་བསྟི་གནས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་མཆོག་དེར། དགུང་ལོ་དྲུག་ཅུ་རེ་གཉིས་བཞེས་པའི་ཚེ་ལེགས་པར་བསྐོར་བའི་ཆོས་ཀྱི་འཁོར་ལོ་འདི་གཉིས་ནི་ཁ་བ་ཅན་གྱི་ལྗོངས་འདིར་སྔོན་རབས་བྱོན་པའི་སྐྱེས་བུ་དམ་པ་སུས་ཀྱང་བསྐོར་མ་མྱོང་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས། དེ་ལྟར་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་ལྷ་དང་མིར་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་ཡིད་དགའ་མགུ་རངས་པར་མཛད་ཅིང་། དེ་ལྟ་བུའི་བསྟན་པའི་བྱ་བ་གང་ཞིག་མཛད་པའི་གནས་སྐབས་ཀུན་ཏུ་ཡང་། ནང་དུ་ཏིང་ངེ་འཛིན་གྱི་ཉམས་བཞེས་ལས་ནམ་ཡང་གཡོ་མེད་དུ་མཛད་ཅེས་གྲགས་ཏེ། དེ་ཡང་དམ་པ་འདི་ཉིད་ཀྱིས་དུས་རྒྱུན་དུ་མཛད་པའི་ཐུགས་དམ་གྱི་རིམ་པ་ནི། ནུབ་མོ་ཉལ་བའི་རྣལ་འབྱོར་གྱི་ངང་ནས་ཐོ་རངས་ཀྱི་ཆ་ལ་བབས་པ་ན། བླ་མའི་རྣལ་འབྱོར་ཐུགས་ལ་དྲན་པའི་ངང་ནས་བཞེངས་ཏེ། བླ་མའི་རྣལ་འབྱོར་གསལ་བཏབ་ནས་ཚར་གསུམ་ཁུག་པའི་མན་ངག་རྣམས་རྫོགས་པར་ཚར་བ་དང་། སྦྱོར་དྲུག་གསན་ནས་དེའི་ལུགས་ཀྱི་རླུང་སྦྱོར་དེ་དུས་ཕྱིས་གཙོ་བོར་མཛད། དེ་གོང་དུ་ལམ་འབྲས་ཀྱི་